ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

བསམ་འཆར་གྱི་སྤྱིའི་རེ་བ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མི་དམངས་ཀྱི་བདེ་ཐང་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། དམངས་ཡོངས་ལ་ཁེབས་པར་བྱེད་པ་དང་གྲོང་གསེབ་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། འགན་དབང་གསལ་བོ་བྱེད་པ། འགན་སྲུང་གི་ཚད་རན་པ། རྒྱུན་མཐུད་ཀྱི་རིམ་པ་མང་པོའི་སྨན་བཅོས་འགན་སྲུང་མ་ལག་མྱུར་དུ་ཆགས་པར་བྱེད་དགོས་ལ། ལམ་ལུགས་གཅིག་གྱུར་དང་སྲིད་ཇུས་འཐུས་ཚང་། རྐྱེན་སྲོལ་ཆ་ཚང་། ཞབས་ཞུ་མཐོར་འདེགས་སུ་གཏོང་བ་བཅས་བརྒྱུད་དེ། སྨན་བཅོས་འགན་སྲུང་གི་འདྲ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། སྨན་བཅོས་ཉེན་ཚབ་ཐེབས་རྩའི་འཐབ་ཇུས་རང་བཞིན་གྱི་ཉོ་སྡུད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པར་མ་ཟད། སྨན་བཅོས་འགན་སྲུང་དང་སྨན་རྫས་ཞབས་ཞུའི་སྤུས་ཚད་མཐོ་བའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ལ་སྔར་ལས་མང་པོའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་ལྡན་པར་བྱེད་རྒྱུ་དེ་ཡིན།

བསམ་འཆར་ལས་བཅོས་སྒྱུར་འཕེལ་རྒྱས་དམིགས་འབེན་གཏན་འཁེལ་གསལ་བོ་བྱས་ཡོད། ཉིས་སྟོང་ཉེར་ལྔའི་བར་དུ་སྨན་བཅོས་འགན་སྲུང་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས། ཐོབ་ཐང་འགན་སྲུང་དང་དངུལ་བསྡུ་འཁོར་སྐྱོད། སྨན་བཅོས་ཉེན་ཚབ་དངུལ་སྤྲོད། ཐེབས་རྩའི་ལྟ་སྐུལ་དོ་དམ་སོགས་རྐྱེན་སྲོལ་གལ་ཆེན་དང་སྨན་རྫས་ཞབས་ཞུ་འདོན་སྤྲོད་དང་སྨན་བཅོས་ཉེན་ཚབ་དོ་དམ་ཞབས་ཞུ་སོགས་གནད་འགག་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལས་འགན་ཕལ་ཆེར་ཡོངས་འགྲུབ་བྱེད་དགོས། ཉིས་སྟོང་སུམ་ཅུ་ལོའི་བར་དུ་གཞི་རྩའི་སྨན་བཅོས་ཉེན་ཚབ་གཙོ་གཞིར་འཛིན་པ་དང་སྨན་བཅོས་རྒུད་སྐྱོབ་ཚད་གཞིར་བཟུང་སྟེ། སྨན་བཅོས་ཉེན་ཚབ་ཁ་གསབ་དང་ཚོང་ལས་བདེ་ཐང་ཉེན་ཚབ། དགེ་སྒྲུབ་རོགས་སྐྱོར། སྨན་བཅོས་རོགས་སྐྱོར་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་སྨན་བཅོས་འགན་སྲུང་ལམ་ལུགས་མ་ལག་ཁྱོན་ཡོངས་འགྲུབ་པར་བྱེད་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།