ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་རེ་བ་ལྟར། རྒྱུན་འཁྱོངས་ལྷོད་མེད་དང་གནད་ཕིགས་ནུས་ལྡན་སྒོས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ཤུགས་སྣོན་ཞིང་འཐབ་ཕྱོགས་དང་པོའི་སྨན་བཅོས་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་ཐབས་དངོས་འབེབས་བཟང་བོ་བྱེད་པ་དང་། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པར་མ་ཟད། གོ་རིམ་ཡོད་པའི་སྒོ་ནས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། སྨན་བཅོས་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་ཐབས་དངོས་འབེབས་བཟང་བོ་བྱས་ཏེ། འབྲེལ་ཡོད་ཁ་གསབ་རོགས་དངུལ་དང་ཕོགས་སྣོན་གྲོན་དངུལ་དུས་ཐོག་ཏུ་སྟེར་དགོས་པ་དང་། ནད་པར་ཐད་ཀར་དུ་འབྲེལ་འདྲིས་བྱེད་པའི་འཐབ་ཕྱོགས་དང་པོའི་སྨན་བཅོས་མི་སྣ་དང་ལྷག་པར་དུ་ནད་པ་ལྗིད་མོ་མྱུར་སྐྱོབ་བྱེད་པའི་སྨན་བཅོས་མི་སྣར་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ནས་སྲིད་འཛིན་གོ་གནས་ལྟར་ཁ་གསབ་རོགས་དངུལ་སྟེར་བའི་ཚད་གཞི་གཏན་འཁེལ་བྱས་མི་ཆོག སྨན་བཅོས་མི་སྣའི་རེས་སྐོར་ངལ་གསོ་ཡིས་བྱ་དགའི་མ་དངུལ་དང་གུང་གསེང་སོགས་ཀྱི་ཐོབ་ཐང་ལ་ཤུགས་རྐྱེན་ཐེབས་མི་སྲིད། ཧུའུ་པེ་དང་ཝུའུ་ཧན་གྱིས་སྟོབས་ཤུགས་གཅིག་བསྡུས་སྒོས་ཏོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་མྱུར་སྐྱོབ་བྱེད་པ་དང་མཉམ་དུ་རྒྱུན་ལྡན་གྱི་འཕྲལ་བཅོས་དང་ཞག་སྡོད། མྱུར་སྐྱོབ་སོགས་ཀྱི་སྨན་བཅོས་ཞབས་ཞུ་བཟང་བོར་བསྒྲུབ་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།