ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློ་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ3པའིཚེས4ཉིན་གྲོས་ཚོགས་བསྡུས་ནས། དེང་སྐབས་ཀྱི་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཁོར་སྐྱོད་གཏན་འཇགས་སུ་གཏོང་བའི་བྱ་བ་གལ་ཆེན་ལ་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ནས། དེང་སྐབས་རིམས་ནད་འགོག་སྡོམ་གྱི་གནས་བབ་བསྟུད་མར་བཟང་ཕྱོགས་སུ་འཕེལ་བ་དང་། ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་འབྱུང་བའི་རྣམ་པ་ཐོག་མར་མངོན་ཡོད་པས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བར་གཅིག་གྱུར་འཆར་འགོད་བྱས་ཏེ་སྤེལ་བའི་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ནས། རིམས་ནད་འགོག་སྡོམ་དང་འཚམ་པའི་དཔལ་འབྱོར་སྤྱི་ཚོགས་འཁོར་སྐྱོད་ཀྱི་སྒྲིག་ལམ་མྱུར་དུ་འཛུགས་པ་དང་། འབྲེལ་ཡོད་བྱེད་ཐབས་འཐུས་ཚང་དུ་གཏོང་བ། འབྱུང་དཀའ་བའི་རྣམ་པ་བཟང་བོ་འདི་སྲ་བརྟན་དང་གོང་འཕེལ་དུ་བཏང་སྟེ། རྒྱལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྔ་མོ་ནས་རྒྱུན་ལྡན་གྱི་ལམ་དུ་བསྐྱོད་པར་བརྩོན་ལེན་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་ལས་རྣམ་པར་རྒྱལ་བར་བྱེད་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་ཆ་རྐྱེན་བསྐྲུན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གནས་བབ་ཀྱི་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གསལ་བོ་བྱས་ཏེ། བྱ་བ་སྣ་ཚོགས་ལ་གཅིག་གྱུར་འཆར་འགོད་ཀྱིས་བཟང་བོར་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་དགོས་གཏུག་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་འགོག་སྡོམ་གྱི་ལས་འགན་སྔར་བཞིན་ཧ་ཅང་ལྕི་ལ། ས་ཁུལ་གཞན་པའི་མི་སྣ་འཁོར་རྒྱུག་དང་འདུ་འཛོམས་ལས་འབྱུང་བའི་རིམས་ནད་འགོས་ཁྱབ་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པས། རིམས་ནད་འགོག་སྡོམ་ལ་ངེས་པར་དུ་མགོ་མཇུག་བར་གསུམ་དུ་གཟབ་ནན་བྱེད་དགོས་ལ། རིམས་ནད་ལ་དོགས་ཟོན་བྱེད་ཚད་ཇེ་དམའ་རུ་གཏོང་མི་ཉན་པ་དང་། འགོག་སྡོམ་གྱི་རེ་བ་ཇེ་དམའ་རུ་གཏོང་མི་ཉན་པར། མུ་མཐུད་དུ་དམ་འཛིན་ནན་འཛིན་ཞིབ་འཛིན་བྱེད་དགོས། དེ་དང་མཉམ་དུ་རིམས་ནད་འགོག་སྡོམ་གྱི་རྒྱལ་སྤྱིའི་མཉམ་ལས་ཟབ་སྤེལ་བྱས་ཏེ། རང་རྒྱལ་གྱི་འགན་ཁུར་བའི་རྒྱལ་ཁབ་ཆེན་པོའི་ནུས་པ་འདོན་སྤེལ་བྱེད་དགོས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་གྱིས་སྤེལ་བ་དང་། ལས་ཐོན་སླར་གསོ་ལ་གནད་དུ་འཁེལ་བ་དང་གོ་རིམ་ལྡན་པ། གཟབ་ནན་ཡིན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་སྟེ། མི་རྒྱུ་དངོས་གསུམ་གོ་རིམ་ལྡན་པར་འཁོར་རྒྱུག་བྱེད་པ་དང་། ཐོན་འདོན་འཚོང་གསུམ་ནུས་ལྡན་སྒོས་སྦྲེལ་མཐུད་བྱེད་པ། ཕྱི་ནང་གི་ཉོ་འཚོང་ཕན་ཡོད་ཀྱིས་སྦྲེལ་མཐུད་བཅས་བྱས་ཏེ། རིམས་ནད་ལས་བཟོས་པའི་གྱོང་གུད་ཆེས་དམའ་བའི་ཚད་དུ་ཚོད་འཛིན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་ལ་གཅིག་གྱུར་འཆར་འགོད་བྱས་ནས་སྤེལ་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་དང་། ཡོད་ཚད་དོན་དངོས་ལ་རྐང་བཙུགས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བློ་ཐག་རྦད་ཆོད་ཀྱིས་འགོག་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་བྱ་བར་མུ་མཐུད་དུ་ཤུགས་ཆེན་པོ་བསྣན་ནས། ནང་དུ་ཁྱབ་པ་འགོག་པ་དང་ཕྱི་རུ་མཆེད་པ་འགོག་པའི་འགོག་སྡོམ་ཐབས་ཇུས་མུ་མཐུད་དུ་སྲུང་འཛིན་བྱེད་དགོས། སྡོད་ཁུལ་གྱི་རིམས་འགོག་བྱ་བ་དམ་འཛིན་ལེགས་པོ་བྱས་ཏེ། མང་ཚོགས་ཀྱིས་རང་ཉིད་ཀྱི་འགོག་སྲུང་ལ་ཤུགས་སྣོན་པར་ཁྲིད་སྟོན་དང་སྐུལ་སློང་བྱེད་དགོས། ནད་པ་བསྡུ་བཅོས་དང་སྐྱེལ་འདྲེན་བྱ་བར་ཤུགས་བསྣན་ནས། ནད་པ་ལྕི་མོ་ཚང་མ་ཆུ་ཚད་མཐོ་བའི་ངེས་གཏན་སྨན་ཁང་དུ་གཅིག་བསྡུས་བྱས་ཏེ་སྐྱོབ་བཅོས་བྱེད་དགོས། ནུས་ལྡན་བྱེད་ཐབས་སྤྱད་དེ་ནད་པ་གཞན་པའི་སྨན་བཅོས་དགོས་མཁོ་སྔར་ལས་བཟང་བོར་བསྐོང་དགོས། སྔར་ལས་བཟང་བའི་འདོན་སྤྲོད་ཀྱི་སྦྲེལ་མཐུད་ལ་ཡར་སྐུལ་བྱེད་པ་དང་། ཐོན་རྫས་ཀྱི་གྲུབ་ཚུལ་དང་སྡེབ་སྐྱེལ་རྣམ་པ་ལེགས་སྒྱུར་བྱས་ཏེ། མང་ཚོགས་ལ་རང་ཁྱིམ་ནས་སེམས་སྔར་ལས་བདེ་མོར་འཚོ་བ་རོལ་དུ་འཇུག་དགོས།

གྲོས་ཚོགས་སྟེང་བསྟན་དོན། པེ་ཅིང་སོགས་གཙོ་གནད་ས་ཁུལ་གྱི་རིམས་ནད་འགོག་སྡོམ་འབུར་དུ་ཐོན་པར་དམ་འཛིན་ལེགས་པོ་བྱེད་པ་དང་། པེ་ཅིན་ཐེན་ཅིན་ཧི་པེ་གསུམ་གྱི་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། མི་སྣ་འཁོར་རྒྱུག་གི་ཁྲིད་སྟོན་དང་འགྲིམ་འགྲུལ་བགྲོད་ལམ་གྱི་རིམས་འགོག ཁེ་ལས་ལས་ཐོན་གྱི་སླར་གསོ་སོགས་ཕྱོགས་ཀྱི་མཐུན་སྦྱོར་མཉམ་འབྲེལ་ལ་ཤུགས་སྣོན་དགོས། རིམས་ནད་འགོག་སྡོམ་གྱི་གཙོ་གནད་མིན་པའི་ས་ཁུལ་གྱིས་ས་ཁུལ་དང་རིམ་པ་དགར་བའི་གནད་ཕིགས་འགོག་སྡོམ་གྱི་བླང་བྱ་དོན་འཁྱོལ་བྱེད་དགོས། རིམས་ནད་ཀྱི་ཉེན་ཁའི་རིམ་པ་ཅུང་མཐོ་བའི་རྫོང་ཁོངས་ཀྱིས་མུ་མཐུད་དུ་ཕྱི་ནས་མཆེད་པ་འགོག་པ་དང་ནང་དུ་ཁྱབ་པ་འགོག་རྒྱུ་དམ་འཛིན་ལེགས་པོ་བྱེད་དགོས་ལ། ཉེན་ཁ་ཆུང་བའི་རྫོང་ཁོངས་ཀྱིས་རིམས་ནད་ཡང་བསྐྱར་འཕར་བར་བཀག་འགོག་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཚན་རིག་ཞིབ་འཇུག་མཁྲེགས་གཏོར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཁྱད་ལྡན་སྟོབས་ཤུགས་དག་ཆེས་དགོས་གཏུག་ཆེ་བའི་གནད་དོན་གྱི་སྟེང་དུ་གཅིག་སྡུད་བྱེད་པ་དང་། ནད་དུག་གི་ཁུངས་འདེད་པ་དང་འགོས་ཁྱབ་ཀྱི་རྐྱེན་རྩར་ཞིབ་འཇུག་བྱེད་པར་མུ་མཐུད་དུ་ཤུགས་སྣོན་པ། འགོག་སྨན་དང་ཚོད་ལྟའི་སྨན་གྱི་དཔྱད་འཇལ། སྨན་བཅོས་སྒྲིག་ཆས་སོགས་ཀྱི་ཞིབ་འཇུག་གསར་སྤེལ་དེ་ནད་ཐོག་སྐྱོབ་བཅོས་དང་དམ་དུ་སྦྲེལ་ཞིང་འགོག་སྡོམ་འཐབ་ས་དང་བོར་མཉམ་འབྲེལ་བྱས་ཏེ། ནད་རྐྱེན་རིག་པ་སོགས་རྨང་གཞིའི་གསོ་རིག་ཞིབ་འཇུག་ལ་ཤུགས་བསྣན་ནས། ནད་ཐོག་ལག་ལེན་ལ་མཛུབ་སྟོན་སྔར་ལས་བཟང་བོ་བྱེད་དགོས།

གྲོས་ཚོགས་སྟེང་བསྟན་དོན། རིམས་ནད་ལ་ས་ཁུལ་དང་རིམ་པ་དགར་ནས་ལས་ཐོན་སླར་གསོ་བྱེད་པའི་བླང་བྱ་ལྟར། རིམས་ནད་འགོག་སྡོམ་གྱི་དངོས་ཟོག་གལ་ཆེན་ཐོན་སྐྱེད་མཁོ་འདོན་བྱེད་ཚད་ཆེས་ཆེར་ཇེ་མཐོར་གཏོང་བ་དང་། འགོག་སྲུང་དངོས་ཟོག་གི་བཀོད་འགྲེམ་ལེགས་སྒྱུར་བྱས་ཏེ། ལས་བཟོ་པའི་བདེ་འཇགས་བདེ་ཐང་གི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ལ་ཁག་ཐེག་བྱེད་དགོས། གནས་གཅིག་ནས་གཅིག་ལ་སྐྱེལ་བ་སོགས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་ཐབས་མུ་མཐུད་དུ་སྤྱད་དེ་ལས་བཟོ་པ་མྱུར་དུ་ལས་གནས་སྟེང་ལོག་སྟེ་ལས་ཀ་སླར་གསོ་བྱེད་དུ་འཇུག་དགོས་ལ། ལས་བཟོ་པའི་འགྲོ་འདུག་སྤྱོད་གསུམ་དང་འཁོར་ཁང་དོ་དམ་སོགས་གོ་རིམ་གྱི་རིམས་འགོག་བྱ་བ་གཟབ་ནན་གྱིས་བཟང་བོར་སྒྲུབ་དགོས། ཁེ་ལས་པའི་ནུས་པ་བཟང་བོར་འདོན་པ་དང་། ཁེ་ལས་པའི་བརྩོན་སེམས་སྐུལ་སློང་གང་ལེགས་བྱེད་དགོས། རྒྱལ་ཡོངས་བསམ་ཇུས་གཅིག་ཏུ་རྒྱུན་འཁྱོངས་བྱེད་པ་དང་། གཅིག་གྱུར་གྱི་ཁྲོམ་ར་ཆེན་པོར་སྲུང་སྐྱོང་བྱེད་པ། སྟོད་སྨད་རྒྱུད་དང་ཐོན་འདོན་འཚོང་གསུམ། ཁེ་ལས་ཆེ་འབྲིང་ཆུང་གསུམ་བཅས་ཀྱི་སྤྱི་ཡོངས་ཆ་སྡེབས་དང་གཞོགས་འདེགས་ལས་གསོ་ལ་ཡར་སྐུལ་བྱས་ཏེ། ལས་ཐོན་སླར་གསོའི་སྤྱིའི་ཕན་འབྲས་དང་ཆུ་ཚད་དངོས་སུ་ཇེ་མཐོར་གཏོང་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ལས་ཐོན་སླར་གསོ་དང་ནང་མཁོ་རྒྱ་སྐྱེད་ཟུང་སྦྲེལ་བྱེད་པ་དང་། བཀག་པ་དང་བསྡམས་པའི་འཛད་སྤྱོད་གློད་གྲོལ་གཏོང་བ། རིམས་ནད་འགོག་སྡོམ་ཁྲོད་བྱུང་བའི་གསར་དར་འཛད་སྤྱོད་དང་རིམ་འཕར་འཛད་སྤྱོད་སྐྱེད་སྲིང་ཆེན་པོ་བྱས་ཏེ། དངོས་པོའི་འཛད་སྤྱོད་དང་ཞབས་ཞུའི་འཛད་སྤྱོད་སླར་གསོ་འབྱུང་བར་བྱེད་དགོས། དངུལ་གཏོང་གི་ལས་གཞི་བཟང་བོར་གདམ་པ་དང་། བཀོལ་སྤྱོད་ཀྱི་ས་དང་ནུས་པ། མ་དངུལ་སོགས་ཀྱི་སྲིད་ཇུས་ཆ་སྡེབས་ལ་ཤུགས་བསྣན་ནས། རྒྱལ་ཁབ་ཀྱིས་འཆར་འགོད་གསལ་བོ་བྱས་པའི་ལས་གཞི་གལ་ཆེན་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་མྱུར་དུ་སྤེལ་དགོས། སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུ་དང་འཕྲལ་བསྟུན་དངོས་ཟོག་འགན་སྲུང་ཁྱབ་ཁོངས་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས། 5Gདྲ་བ་དང་གཞི་གྲངས་ལྟེ་གནས་སོགས་གསར་དར་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས། དམངས་ཁྲོད་ཀྱི་དངུལ་གཏོང་བརྩོན་སེམས་བསྐྱེད་པར་གཙིགས་འཛིན་བྱེད་དགོས།

གྲོས་ཚོགས་སྟེང་བསྟན་དོན། ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པའི་ཁྲོད་ནས་ལས་ཐོན་སླར་གསོ་ལ་སྐུལ་འདེད་གཏོང་བ་དང་། ཕྱི་འཚོང་དང་ཕྱི་དངུལ་གཏན་འཇགས་སུ་གཏོང་བའི་བྱ་བ་ཧུར་ཐག་གིས་བཟང་བོར་སྒྲུབ་ནས། སྣེ་མང་ཅན་གྱི་རྒྱལ་སྤྱིའི་ཁྲོམ་ར་གསར་སྤེལ་བྱེད་དགོས། སྣེ་འདྲེན་ཁེ་ལས་ཀྱི་ལས་ཐོན་སླར་གསོའི་འགན་སྲུང་བྱ་བ་བཟང་བོར་སྒྲུབ་ནས། འཛམ་གླིང་གི་མཁོ་འདོན་མུ་ཁྱུད་ཀྱི་གཏན་འཇགས་ལ་སྲུང་སྐྱོང་བྱེད་དགོས། ཕྱི་ཚོང་དངུལ་གཏོང་བཅའ་ཁྲིམས་དོན་འཁྱོལ་བཟང་བོ་བྱས་ཏེ། ཕྱིའི་དངུལ་གཏོང་ཁེ་ལས་ལ་ལས་ཐོན་སླར་གསོའི་ཁྲོད་ཀྱི་དཀའ་ངལ་སེལ་རོགས་བྱེད་པ་དང་། ཚབ་མཚོན་རང་བཞིན་གྱི་ཕྱི་དངུལ་ལས་གཞི་གལ་ཆེན་དོན་འཁྱོལ་བྱེད་རྒྱུ་མུ་མཐུད་དུ་དམ་འཛིན་བཟང་བོ་བྱས་ཏེ། དངུལ་རྩ་སོགས་ཞབས་ཞུའི་ལས་རིགས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་། ལས་གནས་གཏན་འཇགས་སུ་གཏོང་བ། ལས་ཞུགས་རྒྱ་བསྐྱེད་པ་བཅས་ཀྱི་བྱ་བ་སྒྲུབ་པ་དང་། མཐོ་སློབ་ཀྱི་མཐར་ཕྱིན་སློབ་མ་དང་ཞིང་པ་ཞོར་ལས་པ་སོགས་ཚོགས་པ་གལ་ཆེན་གྱི་ལས་ཞུགས་བྱ་བ་བཟང་བོར་སྒྲུབ་པ། སྒེར་ཚོང་གཉེར་མཁན་རྣམས་དཀའ་ངལ་ལས་སྒྲོལ་བར་རོགས་ཅི་ཐུབ་བཅས་བྱེད་དགོས། དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་དམ་འཛིན་བཟང་བོ་བྱས་ཏེ། ཞིང་ལས་ཐོན་རྫས་ཀྱི་མཁོ་སྲུང་རིན་འཇགས་བྱ་བ་བཟང་བོར་སྒྲུབ་དགོས། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་གྲངས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལས་ཐོན་སླར་གསོའི་ཁྲོད་དུ་དབུལ་ཕོངས་ས་ཁུལ་གྱི་ངལ་རྩོལ་བ་དམིགས་བཀར་གྱིས་ལས་ཞུགས་བྱེད་དུ་བཅུག་ནས། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས།

གྲོས་ཚོགས་སྟེང་དོན་དག་གཞན་པར་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།