ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་དུས་ཐོག་ཏུ་ཕན་ནུས་ལྡན་པའི་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གི་སྨན་བཅོས་ཇུས་གཞི་དང་སྨན་རྫས་ཕྱོགས་སྡོམ་བྱེད་དགོས་ཞེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས4ཉིན་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ནས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་སོགས་སྡེ་ཁག་གིས་ཏོག་གསར་གློ་ཚད་བྱུང་བའི་ནད་པ་རྣམས་སྨན་ཁང་ནས་བུད་པའི་ནད་དཔེ་ལ་དབྱེ་ཞིབ་བྱས་པའི་གནས་ཚུལ་དང་། ཏོག་གསར་གློ་ཚད་ཀྱི་སྨན་བཅོས་ཇུས་གཞིར་བཟོ་བཅོས་ཐེངས་བདུན་པ་བརྒྱབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། དུས་ཐོག་ཏུ་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གི་སྨན་བཅོས་ཇུས་གཞི་དང་སྨན་རྫས་གདམ་གསེས་བྱེད་པའི་ཉམས་མྱོང་ཕྱོགས་སྡོམ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་གསར་གློ་ཚད་བྱུང་བའི་ནད་དཔེ་ལ་བརྟག་དཔྱད་དང་སྨན་བཅོས་སྐྱོབ་བཅོས་བྱེད་པའི་བྱ་བ་སྔར་ལས་ཡག་པོ་སྒྲུབ་ཆེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་གཉིས་ཀྱིས་ཆེད་མཁས་པ་སྒྲིག་འཛུགས་བྱས་ཏེ་ཐོག་མའི་དུས་ཀྱི་སྨན་བཅོས་སྐྱོབ་བཅོས་བྱ་བར་དབྱེ་ཞིབ་དང་། ཞིབ་དཔྱོད། ཕྱོགས་སྡོམ་བཅས་བྱས་པའི་རྨང་གཞི་སྟེང་སྨན་བཅོས་ཇུས་གཞིར་ཡང་བསྐྱར་བཟོ་བཅོས་བརྒྱབ་ནས《ཏོག་དབྱིབས་གློ་ཚད་ཀྱི་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་བདུན་པ)》གཏན་འབེབས་བྱས་པ་རེད།

ད་ཐེངས་ཀྱི་བཟོ་བཅོས་ནང་ནད་ལུགས་འགྱུར་ལྡོག་གི་ནང་དོན་ཇེ་མང་དུ་བཏང་བ་དང་། ནད་ཐོག་མངོན་ཚུལ་དང་། ནད་བརྟག་ཚད་གཞི། སྨན་བཅོས་བྱེད་ཐབས། སྨན་ཁང་ནས་ཕྱིར་བུད་ཆོག་པའི་ཚད་གཞི་སོགས་ལ་ཁ་གསབ་དང་ལེགས་སྒྲིག་བྱས་ཡོད་པས། མི་ཚོགས་མི་འདྲ་བའི་ནད་གཞི་ཁྱད་ཆོས་ལ་གཞིགས་ནས་གནད་ལ་འཁེལ་བའི་སྒོ་ནས་ནད་བརྟག་སྨན་བཅོས་དང་སྐྱོབ་བཅོས་བྱ་རྒྱུར་ཕན་ཐོགས་ངེས་ཅན་ལྡན་པ་རེད།

 ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་རིམས་ནད་ཀྱི་དུས་བབ་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་དྲག་སྐྱེད་བྱུང་ཚད་མཐོ་རུ་གཏོང་བ་དང་ནད་ཀྱིས་ཤི་ཚད་དམའ་རུ་གཏོང་བའི་ལས་འགན་སྔར་བཞིན་མངོན་གསལ་དང་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་པས། སེམས་ཤུགས་ཡོད་ཚད་སྨན་བཅོས་སྐྱོབ་བཅོས་ལས་དོན་ནང་ཞུགས་ནས་ཏོག་གསར་གློ་ཚད་ཀྱི་སྨན་བཅོས་ཇུས་གཞིའི་པར་གཞི་བདུན་པ་ལྟར། སྨན་བཅོས་ཚད་ལྡན་ཅན་དང་ངོ་བོ་ཅན་ལ་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག་བློ་གྲོས་དང་ནུས་ཤུགས་གཅིག་བསྡུས་དང་དུས་ཐོག་ཏུ་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། ནད་རྟགས་མི་འདྲ་བར་དམིགས་ནས་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གི་སྨན་བཅོས་ཇུས་གཞི་དང་སྨན་རྫས་བདམས་ནས་ཀྲུང་གོ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་བདེ་སྐྱིད་བསྐྲུན་རྒྱུ་མ་ཟད་འཛམ་གླིང་ཡོངས་ལ་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད། །(མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།