ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་འཇལ་བའི་ལས་དོན་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས།

གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཀྲུང་དབྱང་རིམས་ནད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། རིམས་ནད་ཀྱི་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱེད་པར་ཤུགས་སྣོན་པ་དང་། ས་ཁུལ་དང་རིམ་པ་དགར་ནས་གནད་ཕིགས་འགོག་སྡོམ་བཟང་བོ་བྱེད་པ། བྱེད་ཐབས་དངོས་སྤྱད་དེ་འགོག་སྡོམ་གྱི་འཐབ་ས་དང་བོ་ན་ཡོད་པའི་གྲོང་གསེབ་དང་སྡོད་ཁུལ་གྱི་ལས་དོན་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། རིམས་ནད་འགོག་སྡོམ་དང་དཔྱིད་རྨོ་ཐོན་སྐྱེད་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། འགོག་སྡོམ་གནས་བབ་ཀྱི་དགེ་མཚན་ལྡན་པའི་རྣམ་པ་སྔར་ལས་རྒྱ་བསྐྱེད་དགོས་ཞེས་བསྟན།

གྲོས་ཚོགས་སྟེང་། དེང་སྐབས་རིམས་ནད་འགོག་སྡོམ་ད་དུང་གནད་འགག་གི་སྐབས་སུ་གནས་པས། འགོག་སྡོམ་བྱ་བར་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། ཧུའུ་པེ་དང་ཝུའུ་ཧན་ནི་རྒྱལ་ཡོངས་ཀྱི་རིམས་ནད་འགོས་མཆེད་ཀྱི་ལྟེ་གནས་ཡིན་པའི་ཆ་ནས། འགོག་སྡོམ་གྱི་བྱེད་ཐབས་མུ་མཐུད་དུ་དོན་འཁྱོལ་ནན་མོ་བྱས་ཏེ། སྡོད་ཁུལ་གྱི་འགོ་ཁུངས་འགོག་སྡོམ་ལ་ཤུགས་སྣོན་པ་དང་། སྐྱོབ་བཅོས་ཀྱི་ཆུ་ཚད་དངོས་སུ་ཇེ་མཐོར་བཏང་སྟེ། རིམས་ནད་ཀྱི་ཆ་འཕྲིན་དུས་ལྟར་ཡང་དག་པར་བསྒྲག་དགོས། པེ་ཅིན་སོགས་མི་གྲངས་འཁོར་རྒྱུག་བྱེད་ཚད་མཐོ་བའི་གྲོང་ཁྱེར་གྱིས་ས་ཁོངས་དང་སྡེ་ཁག ལས་ཁུངས། མི་སྒེར་བཅས་ལ་འགན་འཁྲི་ནན་དཀྲི་བྱས་ཏེ། བགྲོད་ལམ་དང་སྡོད་ཁུལ། འགག་སྒོ་་བཅས་ལ་དོ་དམ་ནན་བྱས་ནས། རིམས་ནད་འགོས་ཁྱབ་འབྱུང་བར་བཀག་འགོག་ནན་མོ་བྱ་དགོས། རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དག་གིས་འཕྲལ་བསྟུན་བརྡ་ལན་གྱི་རིམ་པ་བསྒྱུར་བར་དམིགས་པ་མ་ཟད། ས་ཁོངས་ཀྱི་ཁྱད་པར་ཅན་གྱི་འགོག་སྡོམ་ལ་སྦྲེལ་ནས། ལས་ཐོན་སླར་གསོའི་རྗེས་ཀྱི་འགོག་སྡོམ་བྱེད་ཐབས་སྣ་ཚོགས་གནད་ཕིགས་དོན་འཁྱོལ་བྱེད་པ་དང་། དགོས་མེད་ཀྱི་མི་མང་འདུ་ཚོགས་ཇེ་ཉུང་དུ་བཏང་ནས། རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའོ་སྒྲིག་ལམ་གོ་རིམ་ལྡན་པར་སླར་གསོ་བྱ་དགོས་ཞེས་བསྟན།

གྲོས་ཚོགས་སྟེང་། དེང་སྐབས་ཧུའུ་པེ་མ་གཏོགས་རང་རྒྱལ་གྱི་ས་ཆ་གཞན་པའི་རིམས་ནད་གནས་ཚུལ་སྤྱིའི་ཆ་ནས་ཆུ་ཚད་ཅུང་དམའ་བ་དང་། བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་བྱུང་ཡོད་མོད། ཡིན་ནའང་རིམས་ནད་མཆེད་པར་སྔར་ལས་ཚོད་འཛིན་བྱེད་པ་དང་། འདུ་ཚོགས་རང་བཞིན་གྱི་རིམས་ནད་གློ་བུར་དུ་འབྱུང་བར་བཀག་འགོག་བྱེད་ན། སྡོད་ཁུལ་གྱི་འགོག་སྡོམ་ནི་འགག་སྒོ་དང་རྨང་གཞི་གལ་ཆེན་ཡིན། རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་རྒྱ་ཆེའི་སྡོད་ཁུལ་ལས་དོན་པས་རིམས་ནད་འགོག་རྒོལ་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་པས། ས་ཁུལ་སོ་སོས་ཁོ་ཚོར་སྔར་ལས་སེམས་ཁུར་དང་གཅེས་སྐྱོང་བྱ་དགོས། རིམས་ནད་འགོག་སྡོམ་གྱི་སྐབས་སུ། འཐབ་ས་དང་བོའི་སྡོད་ཁུལ་གྱི་ལས་དོན་པར་འོས་འཚམ་གྱི་བྱ་བ་ཁ་གསབ་སྟེར་དགོས། འགོག་སྡོམ་བྱ་བར་ཞུགས་སྐབས་དོན་རྐྱེན་བྱུང་ནས་རྨས་ཕོག་པ་དང་ནད་ཕོག་པའི་མི་སྣར། བཅའ་ཁྲིམས་ཀྱི་གཏན་ཁེལ་དང་མཐུན་ཚེ་ལས་རྨས་གཏན་ཁེལ་བྱ་དགོས། འགན་འཁྲི་ལག་བསྟར་བྱེད་སྐབས་ནད་འགོས་པ་དང་ཡང་ན་ནད་ཕོག་ནས་ཚེ་ལས་འདས་ཚེ། གཏན་ཁེལ་ལྟར་འབྲེལ་ཡོད་གཟིགས་སྐྱོང་བྱ་དགོས། སྡོད་ཁུལ་གྱི་ལས་དོན་པའི་འགོག་སྲུང་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས། ཁ་ཐུམ་དང་འགོག་སྲུང་ལྭ་བ་སོགས་འགོག་སྲུང་ཅ་ལག་ལུགས་མཐུན་གྱིས་སྟེར་དགོས་ལ། ཁོ་ཚོའི་ཟ་མ་ཟ་ས་དང་ངལ་གསོ་བྱེད་ས་སོགས་ཀྱི་འཚོ་བའི་ཆ་རྐྱེན་ལ་བཀོད་སྒྲིག་བཟང་བོ་བྱ་དགོས། ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་སྐོང་འཐེན་བྱས་ཏེ་གཞི་རིམ་ལ་རོགས་སྐྱོར་བྱེད་པ་དང་། རེས་སྐོར་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྡོད་ཁུལ་གྱི་ལས་དོན་པ་ངལ་གསོ་འོས་འཚམ་བྱེད་དུ་འཇུག་པ་དང་། དུས་ཡུན་རིང་བོར་བྱ་བ་བསྒྲུབས་པའི་མི་སྣ་བཙན་གྱིས་ངལ་གསོ་རུ་འཇུག་དགོས། ཕྱོགསམང་བོ་ནས་གཞི་རིམ་ལ་ལས་འགན་སྤྲོད་པ་དང་རེའུ་མིག་སྟེར་བར་བཀག་འགོག་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་སྤང་ཅི་ཐུབ་བྱས་ཏེ། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས། དམིགས་བསལ་གྱི་དཀའ་ཁག་ཡོད་པའི་སྡོད་ཁུལ་གྱི་ལས་དོན་པ་དང་ཁོ་ཚོའི་ཁྱིམ་མི་ལ་དཀའ་ངལ་སེལ་རོགས་བྱ་དགོས་ཞེས་བསྟན།

གྲོས་ཚོགས་སྟེང་དེང་སྐབས་ཀྱི་དཔྱིད་རྨོ་ཐོན་སྐྱེད་བྱ་བའི་ཕྱོགས་སྟོན་ལ་གྲོས་ཞིབ་བྱས་ཏེ། ས་ཁུལ་སོ་སོས་དོན་དངོས་གཞིར་བཟུང་སྟེ་ཞིང་སྡེའི་རིམས་ནད་འགོག་སྡོམ་བཟང་བོ་བྱ་དགོས་པར་མ་ཟད། ཞིང་ལས་ཀྱི་དུས་ཚོད་འཐུས་ཤོར་མི་གཏོང་བར་དཔྱིད་རྨོ་བྱ་བ་དམ་འཛིན་བཟང་བོ་བྱ་དགོས་པའི་བླང་བྱ་བཏོན།

འགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཏེན་ཞུའེ་ཞང་དང་། ཧོང་ཁུན་མེན། ཚའེ་ཆི། ཝང་དབྱི། ཞའོ་ཅེ། ཀྲའོ་ཁི་ཀྲི་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།