ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་དཔྱིད་དུས་སློབ་མཐར་ཕྱིན་པའི་ཞིབ་འཇུག་སློབ་མར་བསླབ་གནས་སྤྲོད་པའི་བྱ་བ་བཟང་བོ་སྒྲུབ་དགོས་ཞེས་བཤད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཧྲིི་ཡུ་ཚེན།   སྤེལ་དུས། : 2020-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུའུ་ཡིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཉེ་ཆར་བརྡ་ཐོ་བཏང་ནས་ས་གནས་ཁག་དང་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་པའི་ལས་ཁུངས་ཁག་གིས་དཔྱིད་དུས་སློབ་མཐར་ཕྱིན་པའི་ཞིབ་འཇུག་སློབ་མར་བསླབ་གནས་སྤྲོད་པའི་བྱ་བ་བཟང་བོར་བསྒྲུབ་རྒྱུ་དང་དབྱར་དུས་སློབ་མཐར་ཕྱིན་པའི་ཞིབ་འཇུག་སློབ་མར་བསླབ་གནས་སྤྲོད་པའི་བྱ་བ་གོ་རིམ་ལྡན་པའི་ངང་ཇུས་འགོད་བྱས་ཏེ་ཕྱོགས་སོ་སོའི་འགན་འཁྲི་ནན་དུ་བཏང་ནས་བསླབ་གནས་སྤྲོད་པའི་འབྲེལ་ཡོད་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན།

 བརྡ་ཐོའི་ནང་། ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་པའི་ལས་ཁུངས་ཁག་གིས་ཚད་མཐོའི་མཐོང་ཆེན་དང་དོ་དམ་བྱེད་སྟངས་གསར་གཏོད་བྱས་ནས་བསླབ་གནས་སྤྲོད་པའི་བྱ་བ་ཞིབ་ཕྲའི་ངང་སྔོན་ཇུས་ཡག་པོ་བྱེད་དགོས་པ་དང་། མཛུབ་སྟོན་དགེ་རྒན་གྱིས་ཞིབ་འཇུག་སློབ་མའི་རྒྱུན་གཏན་གྱི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་ཞིབ་འཇུག་སློབ་མའི་སློབ་སྦྱོང་དང་བསླབ་གནས་དཔྱད་རྩོམ་འབྲི་བར་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱེད་དགོས། སློབ་མའི་ལས་དོན་སྡེ་ཁག་དང་ཟུར་ཁྲིད་པས་དུས་ཐོག་ཏུ་ཞིབ་འཇུག་སློབ་མའི་བསམ་བློའི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་སེམས་ཁམས་ཁྲིད་སྟོན་དང་མི་ཆོས་ཐུགས་ཁུར་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན།

བརྡ་ཐོའི་ནང་བཤད་རྒྱུར། ཞིང་ཆེན་སོ་སོའི་སློབ་གསོ་གཙོ་གཉེར་སྡེ་ཁག་གིས་མཛུབ་ཁྲིད་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ཀྱིས་ཞིབ་འཇུག་སློབ་མ་རྣམས་སློབ་མཐར་ཕྱིན་པ་དང་། ཞིབ་འཇུག་ཟབ་སྦྱོང་བྱེད་པ། ལས་ཞུགས་བྱེད་པ་བཅས་ཀྱི་ཐད་ལ་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།