ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས2ཉིན་རྒྱལ་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཝུའུ་ཆན་གྱིས་དམག་དཔུང་གིས་ས་གནས་ཁག་ལ་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རང་རྒྱལ་གྱིས་གང་མགྱོགས་སྒོས་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་བཟོས་ཏེ། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་དང་ལམ་ལུགས་འགན་ལེན་མ་ལག་བཅས་མགྱོགས་མྱུར་ངང་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།
ཝུའུ་ཆན་གྱིས་བཤད་རྒྱུར། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རྒྱལ་ཁབ་ཁག་གི་ཡོངས་ཁྱབ་ཀྱི་སྒྲུབ་སྟངས་ཤིག་ཡིན་པས་རྒྱལ་སྤྱིའི་ཐོག་སྐྱེ་དངོས་བདེ་འཇགས་ཀྱི་གནད་དོན་ལ་མཐོང་ཆེན་བྱེད་ཀྱིན་ཡོད། 1992ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་དང་འཕེལ་རྒྱས་ཚོགས་ཆེན་སྟེང《དུས་རབས21པའི་གྲོས་རིམ》དང《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》གཉིས་ལ་གྲོས་འཆམ་བྱུང་བ་མ་ཟད། ཆེད་དུ་སྐྱེ་དངོས་ལག་རྩལ་གྱི་བདེ་འཇགས་གནད་དོན་གླེང་ཡོད་པ་རེད། རང་རྒྱལ་གྱིས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན། རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་སྲུང་སྐྱོང་བཅས་བྱ་ཆེད། སྐྱེ་དངོས་ཀྱི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་ནང་འཇུག་རྒྱུ་དང་། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་བརྒྱུད་རིམ་ལྡན་པའི་འཆར་འགོད་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་བཅོས་སྐྱོང་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུའི་གཏན་འབེབས་བྱས་ཡོད།
“ད་ཐེངས་ཀྱི་རིམས་ནད་བྱུང་བ་འདིས་སྐྱེ་དངོས་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་དེ་བས་མངོན་གསལ་དོད་པོར་གྱུར་ཡོད། ” “རང་རྒྱལ་གྱིས་གང་མགྱོགས་སྒོས་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་བཟོ་བར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག ལམ་ལུགས་འགན་ལེན་མ་ལག་བཅས་མགྱོགས་མྱུར་ངང་བསྐྲུན་དགོས”ཞེས་བཤད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)
རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།
རང་རྒྱལ་གྱིས་གང་མགྱོགས་སྒོས་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་གཏན་འཁེལ་བྱ་རྒྱུ་ཡིན་པ།