ཀྲུང་གོ་བོད་ཀྱི་དྲ་བ།

ཏོག་གསར་གློ་ཚད་ཀྱི་བེམ་བཤེར་སྙན་ཞུ་ཐོག་མ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཟླ་དཀྱིལ་ནས་བཟུང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྲིད་ཇུས་ཀྱི་ཆོག་འཐུས་འོག་རང་རྒྱལ་གྱིས་ཏོག་གསར་གློ་ཚད་ནད་པའི་བེམ་པོ་གཤག་ལས་བྱེད་འགོ་བརྩམས། ཉེ་ཆར་ཏོག་གསར་གློ་ཚད་ནད་པའི་བེམ་པོར་བརྟག་དཔྱད་བྱེད་པའི་སྙན་ཞུ་ཐོག་མ་དེ་ཁྱབ་བསྒྲགས་བྱས།

ཏོག་གསར་གློ་ཚད་ཀྱི་ནད་འགྱུར་དེSARSདང་འདྲ་ཞིང་། རང་ངོས་ཀྱི་ཁྱད་ཆོས་ཀྱང་ཡོད།

དགེ་རྒན་ཆེན་མོ་ལིའུ་ལེའང་གིས་བཤད་པ་ལྟར་ན། ཏོག་གསར་གློ་ཚད་ཀྱི་ནད་འགྱུར་དེSARSདང་འདྲ་བའི་ཆ་ཡོད་ལ་རང་ཉིད་ཀྱི་ཁྱད་ཆོས་ཀྱང་ལྡན། མིག་སྔའི་ནད་ལུགས་ཀྱི་མཇུག་འབྲས་ལ་བལྟས་ན། འདས་པོའི་གློ་བའི་གཏུབ་ངོས་སུ་འབྱར་ཁུ་རང་བཞིན་གྱི་ཟགས་ཐོན་དངོས་རྫས་མཐོང་ཐུབ། ཁོང་གིས་དེ་ནི་ནད་ཐོག་གསོ་བཅོས་བྱེད་སྐབས་དོགས་ཟོན་བྱེད་དགོས་པའི་གནས་ཤིག་ཡིན་པར་འདོད།

ལིའུ་ལེའང་གིས་ཏོག་གསར་གློ་ཚད་ཕོག་པའི་ནད་པར་བྱུང་བའི་ནད་རྟགས་དེ་ང་ཚོའི་རྒྱུན་གཏན་གྱི་ཆམ་པའམ་ནད་དུག་འགོས་ནས་ཐོན་པའི་སྣ་ཆུ་ཟགས་པ་སོགས་ཀྱི་ནད་རྟགས་དང་མི་འདྲ་ཞིང་། གཤགས་བཅོས་བྱ་སྐབས་ནད་པ་དེ་དག་གི་གློ་བའི་ཟགས་ཐོན་དངོས་རྫས་ནི་འབྱར་ཁུ་གར་པོ་ཡིན་པ་མ་ཟད། གཏིང་ཟབ་པོའི་དབུགས་ལམ་ནང་དུ་ཡོད། གལ་ཏེ་དུས་ཐོག་ཏུ་ཤེས་རྟོགས་མ་བྱུང་བ་དང་དམིགས་སའི་རང་བཞིན་གྱི་སྒོ་ནས་སྨན་བཅོས་མ་བྱས་ཚེ་སྨན་བཅོས་ལ་ལྡོག་ནུས་ཐོན་སྲིད་ཅེས་ངོ་སྤྲོད་བྱས།

དེ་མིན་ལིའུ་ལེའང་གིས་རྒྱུན་ལྡན་གྱི་གློ་བར་དབུགས་གསོག་ཐུབ་པས། ལག་པས་རེག་ན་མཚོ་བལ་དང་འདྲ་མོད། འོན་ཀྱང་ཏོག་གསར་ནད་པའི་གློ་བར་རེག་ན་འགྱུར་ལྡོག་བྱུང་ཡོད་པ་དང་། གློ་བའི་ནང་སྙིང་དངོས་པོ་གཞན་གྱིས་ཚབ་བྱས་འདུག

微信图片_20200302150613.gif

ཆ་འཕྲིན་དེ་བས་མང་བ་བསྡུ་རུབ་བྱེད་ཐུབ་ན་སྨན་བཅོས་ལ་དེ་བས་དམིགས་སའི་རང་བཞིན་ལྡན་སྲིད།

ལིའུ་ལེའང་གིས་དུས་ཡུན་རིང་པོའི་ནང་མ་ལག་ཅན་གྱི་བེམ་རོ་གཤག་འབྱེད་ལས་བྱུང་བའི་ནད་ལུགས་རིག་པའི་དཔྱད་གཞི་ཆ་ཚང་མེད་པའི་རྐྱེན་གྱིས་ཞིབ་འཇུག་མི་སྣས་ནད་གཞི་ཕོག་པའི་ལམ་སྲོལ་དང་དབང་པོར་གནོད་འཚེ་ཕོག་པ་སོགས་ཀྱི་ཤུགས་རྐྱེན་ལ་བརྡར་གཅོད་གནད་ལ་འཁེལ་བ་བྱེད་ཐུབ་མེད། བེམ་པོར་བརྟག་དཔྱད་བྱས་པ་བརྒྱུད་ནད་འགྱུར་དེ་གང་འདྲ་ཞིག་ཡིན་མིན་ཤེས་རྟོགས་ཐུབ་པ་དང་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་སྨན་བཅོས་བྱེད་ཐུབ། དེར་བརྟེན། ནད་འགྱུར་གྱི་གནད་དེའི་གཉན་པོ་གང་ཡིན་ན་དེ་སྤྲད་པས་ཆོག་ཅེས་བཤད།

微信图片_20200302150625.gif

མཇུག་མཐའི་སྡོམ་ཚིག་དེ་ནད་ལུགས་ཀྱི་མཇུག་འབྲས་དང་ནད་ཐོག་ཉམས་མྱོང་ལ་ཟུང་འབྲེལ་བྱེད་དགོས།

ཟླ2པའི་ཚེས29ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་པེ་ཅིང་སློབ་ཆེན་སྨན་ཁང་དང་པོའི་འགོས་ནད་ཚན་ཁག་གི་ཀྲུའུ་རེན་ཝང་ཀུའེ་ཆང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ནད་རྟགས11གི་བེམ་པོ་གཤག་འབྱེད་ཀྱི་ཐོག་མའི་འབྲས་བུ་ལས། ཁ་ལུད་འགག་པ་དང་། གློ་བའི་ནད་འགྱུར་དང་དེ་བཞིན་ཁྲག་དབལ་ཆགས་པའི་གནས་ཚུལ་མཐོང་རྒྱུ་ཡོད་པས་ནད་ཐོག་སྨན་བཅོས་ཐད་མཛུབ་ཁྲིད་རང་བཞིན་གྱི་རིན་ཐང་ལྡན་ཟེར།

ཝང་ཀུའེ་ཆང་གིས་ནད་ལུགས་གཤག་འབྱེད་ལ་སྤྱིར་ན་དམར་དཔེ་ནས་ཆ་རྡུལ་ནད་ལུགས་རིག་པ་དང་། དེ་བཞིན་ནད་རྐྱེན་རིག་པའི་ཁྱབ་ཚུལ་སོགས་ཀྱི་ཐད་ད་དུང་ལས་ཀ་མང་པོ་སྒྲུབ་དགོས་ཟེར།

ནད་ལུགས་རྐྱང་བའི་མཇུག་འབྲས་ནི་ནད་ལུགས་ཁོ་ནའི་སྟེང་ནས་མཐོང་བ་ཡིན་པས། ནད་ཐོག་སྨན་བཅོས་དང་ཟུང་འབྲེལ་བྱེད་དགོས། ནད་པའི་རྨང་གཞིའི་ནད་གཞི་དང་སྔོན་ཆད་ཀྱི་གནས་ཚུལ་སོགས་ཕྱོགས་བསྡུས་ཀྱིས་བརྡར་ཤ་བཅད་ན། ད་གཟོད་མཇུག་མཐའི་སྡོམ་ཚིག་འཇོག་ཐུབ་པ་སྟེ། དཔེར་ན་ཤི་རྐྱེན་ནི་ཏོག་གསར་གློ་ཚད་ནད་དུག་གམ་ཡང་ན་རྨང་གཞིའི་ནད་ཡིན་པ་དང་། ཡང་ན་རྒྱུ་རྐྱེན་གཞན་ཡིན་པ་སོགས་ལྟ་བུ་རེད། གཞི་གྲངས་འདི་དག་མྱུར་དུ་ཡོངས་བསྒྲགས་བྱས་ན། ནད་ཐོག་གསོ་བཅོས་ཀྱི་ཐབས་ཇུས་ལ་ཟུར་ལྟའི་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱེད་ཐུབ། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།