ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་ཧུའུ་པེ་ཞིང་ཆེན་དུ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་སུམ་བརྒྱ་དང་བཞི་བཅུའི་འཐུས་མིའི་བརྙན་རིས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་དབྱང་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་དངོས་འབེབས་བྱེད་ཆེད། ཟླ་གསུམ་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་རྩ་འཛུགས་བྱས་ཏེ། ཧུའུ་པེ་ཞིང་ཆེན་དུ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་སུམ་བརྒྱ་དང་བཞི་བཅུའི་འཐུས་མིའི་བརྙན་རིས་གྲོས་ཚོགས་བསྡུས། ཁོ་མོས་ཧུའུ་པེ་ཞིང་ཆེན་དུ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་བྱ་བར་སྔར་ལས་ཤུགས་སྣོན་པ་དང་། སྨན་བཅོས་མི་སྣས་སྲོག་ཤིང་གི་ནུས་པ་ཆེན་པོ་བཏོན་ནས། བློ་ཐག་རྦད་ཆོད་སྒོས་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་དང་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་ཐད་ནས་རྒྱལ་ཁ་ལེན་དགོས་ཞེས་ནན་གྱིས་བསྟན།

ཧུའུ་པེ་ཞིང་ཆེན་དུ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་དང་ དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ནས་ཡོང་བའི་འགན་འཁུར་བློ་མཐུན་དང་དེ་མིན་ཝུའུ་ཧན་གྱི་སྨན་བཅོས་རུ་ཁག་དང་རོགས་སྐྱོར་ཐོབ་པའི་སྨན་ཁང་གི་འཐུས་མིས་མྱུར་སྐྱོབ་བྱ་བ་དང་ཁ་གཏད་རོགས་སྐྱོར་སོགས་ཀྱི་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས། སུན་ཁྲུན་ལན་གྱིས་ཝུའུ་པེ་ཞིང་ཆེན་དུ་རོགས་སྐྱོར་བྱེད་པའི་སྨན་བཅོས་མི་སྣ་དང་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྨན་བཅོས་རུ་ཁག་གིས་བྱས་རྗེས་འབུར་ཐོན་བཞག་པར་ཁས་ལེན་གང་ལེགས་བྱས།

ཉིན་དེའི་སྔ་དྲོར། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཆའོ་ཁུག་ཆུས་སྤྱི་ཚོགས་ཕན་བདེ་ཁང་དང་ཝུའུ་ཧན་བེད་མེད་བཙོན་ཁང་དུ་སོང་སྟེ་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ལྟ་ཞིབ་བྱས་པར་མ་ཟད། མི་སྣ་འདུས་སྡོད་བྱེད་པའི་དམིགས་བསལ་ས་གནས་ཀྱི་འགོག་སྲུང་ཚོད་འཛིན་བྱ་བར་སྔར་ལས་ཤུགས་སྣོན་པ་དང་། ལོགས་སུ་བཀར་བ་དང་མྱུར་སྐྱོབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་ནན་གྱིས་བསྟན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།