ཀྲུང་གོ་བོད་ཀྱི་དྲ་བ།

​ད་ལོའི་དཔྱིད་ཀ་འབྲུ་རིགས་མུའུ་དུང་ཕྱུར9ཙམ་འདེབས་རྩིས་ཡོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོ་ནི་དམིགས་བསལ་གྱི་ལོ་ཞིག་ཡིན་པས་དཔྱིད་རྨོད་ཐོན་སྐྱེད་ལས་དོན་ཡག་པོ་སྒྲུབ་པ་དང་ཞིང་ལས་ཀྱི་ལོ་ལེགས་ཡག་པོ་ཡོང་བ་བྱེད་པ་དེར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཞིང་ལས་གྲོང་གསེབ་པུས་ཞིང་ལས་གནས་ཚུལ་བཀོད་གཏོང་བྱས་པ་ལྟར་ན། ད་ལོའི་དཔྱིད་ཀ་འབྲུ་རིགས་མུའུ་དུང་ཕྱུར9ཙམ་འདེབས་རྩིས་ཡོད་པ་དང་། དགུན་གྲོ་མུའུ་དུང་ཕྱུར3.32དང་དགུན་དུས་ཀྱི་པད་ཁ་མུའུ་ཁྲི9200ལྷག་ཙམ་བཏབ་པ་དེས་དབྱར་དུས་ཀྱི་འབྲུ་རིགས་དང་པད་ཁར་ལོ་ལེགས་ཡོང་བར་རྨང་གཞི་ཡག་པོ་བཏིང་ཡོད་པ་རེད།

འབྲུ་རིགས་ལོ་ལེགས་ཡོང་བའི་རང་འགུལ་དབང་ཆ་ཡག་པོ་འཛིན་དགོས་ཤིང་། དཔྱིད་ཀའི་འབྲུ་རིགས་འདེབས་རྩིས་ཡོད་པའི་རྒྱ་ཁྱོན་གྱིས་ཞིང་པའི་འབྲུ་རིགས་འདེབས་པའི་ཧུར་སེམས་མཚོན་གྱི་ཡོད་པས་སྲིད་ཇུས་དང་། གཞི་ཁྱོན། ཐོན་འབབ་བཅས་བརྟན་པོ་ཡོང་བ་བྱེད་དགོས། སྲིད་ཇུས་དང་བྱ་ཐབས་སྣ་ཚོགས་དང་སྒྱུར་བཅོས་ཀྱི་སྐུལ་འདེད་ནུས་པ་བརྒྱུད། འབྲུ་རིགས་འདེབས་འཛུགས་ཞིང་པའི་ཧུར་སེམས་སྔར་བས་འཕེལ་བ་བྱས་ནས་འདི་ལོ་འབྲུ་རིགས་ཀྱི་སྤྱི་འབོར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་ལོན་རྒྱུའི་འགན་ལེན་བྱེད་དགོས། སྐབས་འཕྲལ་རང་བཞིན་གྱི་ཁ་གསབ་བྱ་ཐབས་འདོན་པར་སྐུལ་འདེད་བཏང་ནས་ལྷོ་ཕྱོགས་ས་ཁུལ་གྱི་གཉིས་སྨིན་འབྲས་སླར་གསོ་ཐུབ་རྒྱུར་ཁྲིད་སྟོན་བྱེད་པ་དང་སྔ་སྨིན་འབྲས་ཀྱི་གཞི་ཁྱོན་ན་ནིང་ལས་མི་ཉུང་བའི་བརྩོན་ལེན་བྱེད་དགོས། འདི་ལོ་གྲུབ་ཆ་ལེགས་སྒྲིག་བྱས་ནས་འབྲུ་རིགས་ཀྱི་གཞི་ཁྱོན་ཉུང་དུ་མི་གཏོང་རྒྱུ་མ་ཟད། མ་རྨོས་ལོ་ཏོག་གི་ཐོན་འབབ་བརྟན་པོ་ཡོང་བ་བྱས་ནས་ལོ་ཏོག་རེས་འདེབས་དང་རྨོ་ཞིང་དབྱར་མར་འཇོག་པའི་ཚོད་ལྟ་འོས་འཚམ་ངང་ལེགས་སྒྲིག་བྱས་ཏེ་བྱང་ཕྱོགས་ཀྱི་ས་མ་འབྲོག་ཁུལ་དུ་འབྲུ་རིགས་གཟན་ཆག་ཏུ་སྒྱུར་བར་རྒྱབ་སྐྱོར་བྱེད་དགོས། མིག་སྔར་དགུན་སྒྲོལ་སྐྱེ་དངོས་ཀྱི་ཞིང་ནང་གཡོག་བྱེད་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་ས་གནས་ཁག་གིས་འགག་རྩའི་ཞིང་བྲེལ་དུས་ཚིགས་དམ་འཛིན་བྱས་ནས་རྫོང་ཚན་པར་བྱས་ཏེ་ཁུལ་དང་རིམ་པ་དབྱེ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་བྱེད་དགོས་པ་དང་ཞིང་པར་ཞིང་ལས་བྱ་རྒྱུའི་སྐུལ་སློང་བྱས་ནས་ཞིང་ནང་གཡོག་བྱེད་ཀྱི་ལས་དོན་ཧུར་ཐག་སྤེལ་བ་དང་དུས་ཐོག་ཏུ་ལུད་རྒྱག་པ་དང་། ཞིང་སྨན་རྒྱག་པ། ཞིང་ཆུ་འདྲེན་པ་བཅས་བྱེད་པ་མ་ཟད། ཞིང་ལས་ལག་རྩལ་གྱི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་བྱ་ཐབས་སྣ་མང་སྤྱད་དེ་མཛུབ་ཁྲིད་ཞབས་ཞུའི་ལས་དོན་སྤེལ་བ་དང་། ལྗང་པ་ཚགས་དམ་མི་དྲགས་པ་དང་མི་ཉལ་བ་བྱེད་པ། ཉམས་ཞན་ལྗང་པ་གསོན་ཤུགས་འཕེལ་བར་བྱེད་པ་སོགས་ཀྱི་ལག་རྩལ་ཞིང་ནང་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་དབྱར་དུས་ཀྱི་འབྲུ་རིགས་ལོ་ལེགས་ཡོང་བའི་འགན་ལེན་བྱེད་དགོས།

འབྲུ་རིགས་ལོ་ལེགས་ཡོང་རྒྱུ་འགན་ལེན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། ཞིང་སྤྱོད་དངོས་རྫས་དང་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་ནི་འབྲུ་རིགས་འདེབས་འཛུགས་འགན་ལེན་བྱེད་པའི་རྨང་གཞི་ཡིན་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ཏེ་ས་བོན་དང་། རྫས་ལུད། ཞིང་སྨན་སོགས་ཐོན་སྐྱེད་གཉེར་སྐྱོང་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས། དེ་དང་དུས་མཚུངས། ཞིང་སྤྱོད་དངོས་རྫས་ཐོན་སྐྱེད་ཁེ་ལས་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་མགྱོགས་སུ་གཏོང་བ་དང་། གཉེར་སྐྱོང་ཚོང་ཁང་གང་མགྱོགས་སྒོ་ཕྱེ་ཐུབ་པ་བྱས་ཏེ་གནས་དང་གནས་ཁ་གཏད་ཀྱིས་མཁོ་སྤྲོད་འགན་ལེན་སྐྱེལ་འདྲེན་གྱི“ཐོགས་མེད་བགྲོད་ལམ”བཟོས་ནས་དཔྱིད་རྨོད་གོང་དུ་ཚོང་ཁང་དང་གྲོང་ཚོར་འབྱོར་བའི་འགན་ལེན་བྱེད་དགོས། ཞིང་ལས་འཕྲུལ་ཆས་སྒྲིག་སྦྱོར་དང་ཞིབ་བཟོའི་ལས་དོན་ཡག་པོ་སྒྲུབ་པ་དང་ས་ཁོངས་སྒྲོལ་བའི་ལས་དོན་སྤེལ་རྒྱུ་སྒྲིག་འཛུགས་ཡག་པོ་བྱས་ཏེ། ཞིང་ལས་འཕྲུལ་ཆས་ཀྱིས་བདེ་བླག་ངང་ཞིང་ལས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། གཞི་ཁྱོན་གཉེར་སྐྱོང་བྱེད་པོར་རོགས་སྐྱོར་དང་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས“གཅིག་འཐུས་རྣམ་པའི”ཐོན་སྐྱེད་ཚབ་གཉེར་ཞབས་ཞུ་ཁྱབ་གདལ་གཏོང་དགོས།

ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱས་ཏེ“ཤ་ཚལ་སྒོང་གསུམ”སེམས་ལ་འཇོག་དགོས་ཤིང་། མི་དམངས་མང་ཚོགས་འབྲུ་རིགས་ཟ་ཐུབ་པ་དང་། སྤུས་ལེགས་ཟ་ཐུབ་པ། བློ་བདེ་པོས་ཟ་ཐུབ་པ་བཅས་ཡོང་ཆེད། མིག་སྔར་རྒྱལ་ཡོངས་ཀྱི་དགུན་དཔྱིད་ཀྱི་སྔོ་ཚལ་གཞི་ཁྱོན་མུའུ་ཁྲི་8400ལྷག་ཙམ་ཟིན་གྱི་ཡོད་པས་ཚལ་ཞིང་གཡོག་བྱེད་དང་ཚལ་འཐུ་བའི་ལས་དོན་ཡག་པོ་སྒྲུབ་པ་དང་འོས་འཚམ་ངང་འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་ཚལ་དཀོན་པའི་དུས་སུ་སྔོ་ཚལ་མཁོ་སྤྲོད་བྱེད་མང་དུ་གཏོང་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།