ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་རྒྱལ་ཁབ་ཏོག་གསར་གློ་ཚད་སྨན་རྫས་སྨན་བཅོས་ཡོ་བྱད་འཕྲལ་སྒྲུབ་སྟེགས་བུར་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་རྒྱལ་ཁབ་ཏོག་གསར་གློ་ཚད་སྨན་རྫས་སྨན་བཅོས་ཡོ་བྱད་འཕྲལ་སྒྲུབ་སྟེགས་བུར་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཀྲུང་དབྱང་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། མྱུར་མཁོའི་གནད་འགག་ལྷུ་ཚིགས་དམ་འཛིན་བྱེད་པ་དང་། ཤུགས་ཚད་ཆེན་པོའི་སྒོ་ནས་སྨན་བཅོས་ཚན་རྩལ་འགོག་རྒོལ་བྱ་བ་བཟང་བོར་བསྒྲུབ་དགོས་ལ། ཕན་འབྲས་མཐོ་བའི་ཞིབ་བཤེར་ཚོད་ལྟའི་སྨན་རྫས་དང་ནུས་པ་ལྡན་པའི་སྨན་རྫས་དང་འགོག་ཁབ་སོགས་ཀྱི་ཐད་ནས་གྲུབ་འབྲས་གསར་བ་བླངས་ནས། རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པར་སྨན་རྫས་གསར་བ་གསར་གཏོད་བྱེད་དགོས་ཟེར།

འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བས་ཏོག་གསར་གློ་ཚད་ཞིབ་བཤེར་ཚོད་ལྟའི་སྨན་རྫས་ཞིབ་བཟོ་བཀོལ་སྤྱོད་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པ་དང་། ལིས་ཁི་ཆང་གིས་ཞིབ་བཤེར་ཚོད་ལྟའི་སྨན་རྫས་ཞིབ་བཟོ་བཀོལ་སྤྱོད་བྱས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་བསྟན་དོན། ཞིབ་བཤེར་ཚོད་ལྟའི་སྨན་རྫས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་ཁྲོད་དུ་གནད་འགག་རང་བཞིན་གྱི་ནུས་པ་ཆེན་པོ་བཏོན། ཞིང་བཤེར་དུས་ཡུན་ཐུང་ཞིང་མཇུག་འབྲས་ལེགས་པ་དང་བཀོལ་སྤྱོད་སྟབས་བདེ་ཡིན་པའི་ཚོད་ལྟའི་སྨན་རྫས་མྱུར་དུ་ཞིབ་བཟོ་བྱས་ཏེ། སྒྲིག་ཆས་སྒྲིག་སྦྱོར་དང་མི་སྣ་གསོ་སྐྱོང་བྱ་བ་དམ་འཛིན་བྱེད་པ་དང་། ཞིབ་བཤེར་ནུས་པ་ཇེ་ཆེར་གཏོང་དགོས་ལ། སྔ་མོ་ནས་རྩད་ཆོད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། སྔ་མོ་ལོགས་སར་བཀར་བ་དང་སྔ་མོ་ནས་སྨན་བཅོས་བྱེད་པར་ཕན་པ་ཡོད་པར་མ་ཟད་རིམས་ནད་རྒྱ་ཡན་དུ་འགྲོ་བ་གཏན་འགོག་བྱེད་པ་དང་ནད་པ་དྲག་ཚད་མཐོར་འདེགས་སུ་གཏོང་བ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།