ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125635840_15828105552611n.jpg

ཟླ2པའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པཱ་ཐི་ཐུའུ་ལི་ཀཱ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པཱ་ཐི་ཐུའུ་ལི་ཀཱ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་བསྟན་དོན། སྐུ་ཞབས་ཙུང་ཐུང་ཆེད་དུ་ཀྲུང་གོར་ཡོང་བ་དེས། མོང་གོལ་རྒྱལ་ཁབ་ཀྱིས་ཀྲུང་གོད་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་ཀྲུང་གོ་མི་དམངས་ལ་བཅངས་པའི་མཛའ་བརྩེ་བརྟན་པོ་མཚོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་གྲོས་མོལ་མཛད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འཆར་འགོད་བཟང་བོ་བྱས་པ་དང་། རིམས་ནད་འགོག་རྒོལ་གྱི་རྒྱལ་ཁ་བླངས་རྗེས། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཀྱི་འབྲེལ་བའི་ཐད་ནས་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་ལེན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། མིག་སྔར་ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་གནས་བབ་ཇེ་བཟང་དུ་འགྲོ་བཞིན་ཡོད་ན་ཡང་། སྔོན་འགོག་ཚོད་འཛིན་གྱི་ལས་འགན་སྔར་བཞིན་ཧ་ཅང་ལྕི་བས། ལྷོད་གཡེང་བྱེད་མི་རུང་། ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བ་གཅིག་གྱུར་སྒོས་སྤེལ་བ་དང་། ཡིད་ཆེས་ཡོད་པ་དང་ནུས་པ་ལྡན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་ཁ་བླངས་ནས། ཧུར་ཐག་གིས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས། ཀྲུང་གོས་ནམ་ཡང་ཡོངས་བསྒྲགས་དང་ཁ་གསལ་བ། དུས་ཐོག་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམས་ནད་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་དུ་འཛམ་གླིང་གི་སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

པཱ་ཐི་ཐུའུ་ལི་ཀཱ་ཡིས་བསྟན་དོན། ཀྲུང་གོ་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུ་བ་ཡིན། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ནས་རྒྱལ་ཁ་ལེན་ཐུབ་པར་ཡིད་ཆེས་ཡོད། མོང་གོལ་གྱིས་ཀྲུང་གོ་དང་སྐྱིད་སྡུག་མཉམ་མྱོང་དང་མཐུན་སྒྲིལ་དམ་ཟབ་བྱས་ཏེ། མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་རྒྱུ་ཡིན་ཟེར།

ཝང་དབྱི་དང་ཧི་ལིས་ཧྥུན་གཉིས་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།