ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སྣེ་ཁྲིད་དེ་ཞལ་འདེབས་ཕུལ་བར་དོན་སྙིང་ཟབ་མོ་ཅི་ཞིག་ཡོད་དམ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་ཆ་འཕྲིན་གལ་ཆེན་ཞིག་བརྒྱུད་སྤྲོད་བྱས་དོན། ཏང་ཀྲུང་དབྱང་གིས་རྒྱ་ཆེའི་ཏང་ཡོན་ལ་འབོད་སྐུལ་བྱས་པ་དང་བསྟུན་ནས། ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་གཞག་ལ་རྒྱབ་སྐྱོར་བྱ་ཆེད་ཞལ་འདེབས་ཕུལ་བ་རེད།

དེའི་སྔོན་ཉིན་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བརྡ་ཐོ་བཏང་ནས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་རྣམས་རང་མོས་ངང་ཞལ་འདེབས་བརྒྱབ་པར་མཛུབ་ཁྲིད་དང་ཞབས་ཞུ་གང་ལེགས་བསྒྲུབ་པར་ཤུགས་སྣོན་རྒྱག་རྒྱུ་དང་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྒྱབ་སྐྱོར་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།

  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བྱ་སྤྱོད་འདིས་རིམས་ནད་ས་ཁུལ་གྱི་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ཚུལ་མཚོན་ལ། རིམས་ནད་ས་ཁུལ་གྱི་མི་དམངས་ཀྱིས་ཏོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པའི་ཡིད་ཆེས་ལ་སྐུལ་ལྕག་གནང་བ་དང་། དཀའ་ངལ་ཁྱད་སེལ་གྱིས་སྟོབས་ཤུགས་ཡོད་ཚད་གཅིག་ཏུ་སྒྲིལ་ནས་རྒྱལ་ཁ་ཐོབ་ངེས་ཀྱི་ཆོད་སེམས་མངོན་ཡོད།

 ཤེས་རྟོགས་བྱུང་བར་གཞིགས་ན། ཞལ་འདེབས་ཕུལ་བའི་སྒོར་མོ་དེ་དག་གཙོ་བོ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་རུ་འཐབ་འཛིང་བྱེད་བཞིན་པའི་སྨན་ལས་མི་སྣ་དང་། གཞི་རིམ་ལས་བྱེད་མང་ཚོགས། སྤྱི་བདེའི་མི་དམངས་ཉེན་རྟོག་པ། སྡེ་ཁུལ་གྱི་ལས་དོན་པ་སོགས་ལ་འཚམས་འདྲི་དང་། ཏོག་གསར་གློ་ཚད་ཕོག་ནས་འཚོ་བར་དཀའ་ངལ་འཕྲད་པའི་མང་ཚོགས་དང་ཏོག་གསར་གློ་ཚད་ཕོག་ནས་ཚེ་ལས་འདས་པའི་མང་ཚོགས་ཀྱི་ཁྱིམ་མིར་རོགས་དངུལ་སྤྲོད་པ། དེ་མིན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་རང་སྲོག་བློས་བཏང་བའི་ལས་བྱེད་མང་ཚོགས་ཀྱི་ཁྱིམ་མིར་འཚམས་འདྲི་བྱེད་པ་སོགས་ཀྱི་ཐད་བཀོལ་རྒྱུ་རེད།

ཐེངས་འདིའི་ཞལ་འདེབས་ཕུལ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་བརྩེ་སེམས་མཚོན་པར་བྱས་ཡོད་པ་མ་ཟད། རྒྱ་ཆེ་བའི་མི་དམངས་མང་ཚོགས་དང་གཅིག་སེམས་གཅིག་འབྲེལ་བྱས་ཏེ་མང་ཚོགས་ཀྱི་བདེ་སྡུག་དེ་ནམ་ཡང་ཡིད་ལ་བརྟན་པོར་བཅིངས་ཡོད་པ་མཚོན།

 ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་དམངས་ཡོངས་ཀྱི་དམག་འཁྲུག་ད་དུང་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། ཏང་ཀྲུང་དབྱང་གིས་སྣེ་ཁྲིད་དང་དཔེ་སྟོན་བྱས་ཏེ་ཏང་དང་མི་དམངས་ལ་བློ་དཀར་བ་དང་། རིམས་ནད་བྱུང་ཁུལ་གྱི་མི་དམངས་ལ་ལྷག་བསམ་རྣམ་དག་སྒོས་དོན་དངོས་ཀྱི་དྲོད་སྐྱིད་སྦྱིན་བཞིན་ཡོད།

 གྲོན་དངུལ་རེ་རེ་ལས་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད།

ཞལ་འདེབས་རེ་རེ་ལས་ཤ་རུས་གཅིག་པའི་སྤུན་ཟླ་རྣམས་ཁྲག་རྒྱུན་གཅིག་ཏུ་འདྲེས་ཤིང་ཕན་ཚུན་བར་ཕྱར་བ་གྲུ་འདེགས་ལྟར་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད་པ་མཚོན། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།