ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་པར་དབྱེ་ཞིབ་དང་ཉེ་དུས་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ལས་དོན་ལ་དབྱེ་ཞིབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས།   ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྙན་ཞུ་ལ་ཉན་པ་དང་། མིག་སྔའི་རིམས་ནད་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། ཉེ་དུས་ཀྱི་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།

ཏང་ཀྲུང་དབྱང་གིས་རྒྱ་ཆེའི་ཏང་ཡོན་ལ་འབོད་སྐུལ་གནང་བ་དང་བསྟུན་ནས། ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱ་ཆེད་ཞལ་འདེབས་ཕུལ་བ་རེད།

ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་མིག་སྔར་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཇེ་ལེགས་སུ་ཕྱིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་མྱུར་ངང་སླར་གསོ་བྱུང་ཡོད་ལ། དུས་མཚུངས་སུ་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་ཡིན་པས་འབྲེལ་ཡོད་ས་ཁུལ་གཞན་དག་གི་རིམས་ནད་བསྐྱར་ཡོང་གི་ཉེན་ཁར་སྣང་མེད་དུ་འཇོག་མི་རུང་།  འདི་འདྲའི་སྐབས་སུ་། དེ་བས་ཡང་དག་པའི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་སོ་སོའི་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་རྒྱུར་ལྷོད་གཡེང་དུ་གཏོང་མི་རུང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་སོ་སོར་དམ་འཛིན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བ། རིམས་ནད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་ལ་དབྱེ་ཞིབ་དང་སྟངས་འཛིན་ཡང་དག་བྱེད་པ། འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོ་དམ་པོར་འཛིན་པ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་པར་འགན་ལེན་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་ཚད་ལས་འགན་ཧུར་ཐག་སྒྲུབ་དགོས་ཞེས་གསུངས།

 ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མུ་མཐུད་དུ་སྟོབས་ཤུགས་དང་ཐོན་ཁུངས་གཅིག་སྡུད་བྱས་ནས་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། ཞིབ་བཤེར་དང་སྨན་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ནད་ཡམས་ཀྱི་འགོ་ཁུངས་ཚོད་འཛིན་དང་མཆེད་ལམ་གཅོད་དགོས།  སྡེ་ཁུལ་གྱི་ཞིབ་བཤེར་དང་སྔོན་འགོག་ཚོད་འཛིན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ལས་བྱེད་པ་མང་པོ་གཞི་རིམ་ལ་རོགས་སྐྱོར་བྱེད་པར་འཐེན་སྐོང་བྱེད་པ། ས་གནས་དེ་གའི་ལས་བྱེད་པ་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ། མགྱོགས་མྱུར་གྱིས་སྡེ་ཁུལ་རྙིང་པའི་འཕྲོད་བསྟེན་རིམས་འགོག་དང་སྡེ་ཁུལ་གྱི་ཞབས་ཞུ་སོགས་ཀྱི་ཐད་ལ་ཤུགས་སྣོན་བྱེད་པ།  མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ངང་ཡག་པོ་སྒྲུབ་པ། བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་སེམས་ཁམས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ནད་གཞི་ལྕི་མོ་ཕོག་པའི་ནད་པ་སྐྱོབ་བཅོས་ལ་ཤུགས་སྣོན་རྒྱག་པ་དང་། ཆུ་ཚད་མཐོ་བའི་ཚོགས་པས་མཉམ་དུ་མཁྲེགས་གཏོར་དང་ཚན་མང་ཆེད་མཁས་ཅན་གྱིས་མཉམ་དུ་འགག་སྒྲོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། ནད་གཞི་ལྕི་པོ་ཕོག་པའི་ཆེད་ལས་སྐྱོབ་བཅོས་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། ཧུར་ཐག་གིས་ནད་ཐོག་སྨན་བཅོས་ཀྱི་གནད་སྨིན་རང་བཞིན་དང་། ནུས་ལྡན་རང་བཞིན་ཆེ་རུ་བཏང་ནས་འཆི་ཚད་དམའ་རུ་གཏོང་དགོས། ནད་གཞི་ཡང་བའི་ནད་པར་དུས་ཐོག་ཏུ་སྨན་བཅོས་བྱེད་པ་དང་། སྨན་བཅོས་ཀྱིས་ལམ་ནས་ནད་གཞི་ཡང་བ་དེ་ནད་གཞི་ལྕི་མོར་མི་འགྱུར་བར་བྱེད་དགོས།

  ཚོགས་འདུའི་ཐོག་བསྟན་དོན། དམིགས་བསལ་བྱེད་སྒོ་སྤེལ་ཡུལ་དང་མི་ཚོགས་གལ་ཆེན་གྱི་འགོག་སྲུང་བྱ་ཐབས་ལ་ཤུགས་སྣོན་རྒྱག་དགོས། རྒན་གསོ་དང་། རོགས་སྐྱོབ། བྱིས་པའི་ཕན་བདེ། བསམ་པའི་འཕྲོད་བསྟེན་སྨན་བཅོས་སོགས་ཀྱི་སྒྲིག་གཞིར་མི་སྣ་འདུས་ཚད་ཆེ་བ་དང་། ཁོར་ཡུག་བཀག་སྡོམ་བྱེད་པ། འབྲེལ་ཡོད་ཞབས་ཞུ་བྱ་ཡུལ་རང་ངོས་ཀྱི་འགོག་སྲུང་ནུས་པ་ཞན་པ། ཁོངས་གཏོགས་ས་ཆའི་འགན་འཁྲི་ནན་དུ་གཏོང་བ། དོ་དམ་བྱ་ཐབས་དེ་བས་ནན་པོ་ལག་ལེན་བསྟར་བ། ཕྱི་རོལ་གྱི་འགོ་ནད་འབྱུང་ཁུངས་ནང་འདྲེན་བྱ་རྒྱུ་སྔོན་འགོག་བྱེད་པ་བཅས་བྱས་ནས་འགོས་ནད་ཕོག་པའི་ནད་པར་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་མི་སྣ་དང་། སྨན་སྤྱོད་སྙིགས་རྫས་དང་ཐད་ཀར་འབྲེལ་བ་བྱེད་མཁན། ལོགས་སུ་བཀར་བའི་ཞབས་ཞུ་མི་སྣ་སོགས་མི་ཚོགས་ཀྱི་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་ནས་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། གནད་འཁེལ་དང་བརྟན་བརླིང་གིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པ་དང་། ལས་ཞུགས་བསྐྱར་གསོ་དང་གཏན་འཇགས་སུ་གཏོང་བ། འགྲིམ་འགྲུལ་སྐྱེལ་འདྲེན་གེགས་མེད་དུ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱས་ཏེ། ཁྲོམ་རའི་མཁོ་འདོན་སོགས་བྱ་བ་སྣ་ཚོགས་ཞིབ་ཚགས་དང་ཏན་ཏིག་གིས་སྒྲུབ་པར་འགན་སྲུང་བྱེད་དགོས། ཁེ་ལས་དང་ལས་དོན་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་ཁེལ་ལག་བསྟར་ནན་མོ་བྱེད་པར་ལྟ་སྐུལ་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱེད་པ། ཁེ་ལས་དང་ལས་དོན་ལས་ཁུངས་ལ་རིམས་འགོག་དཀའ་གནད་ཐག་གཅོད་རོགས་བྱེད་པ། ཁ་ཐུམ་དང་དུག་སེལ་ཅ་ལག་སོགས་འགོག་སྲུང་དངོས་རྫས་མི་འདང་བའི་གནད་དོན་མཐུན་སྦྱོར་གྱིས་ཐག་གཅོད་པ་བཅས་བྱས་ཏེ། ལས་ཁུངས་རང་གི་ཁྱད་ཆོས་དང་མཐུན་པའི་སྔོན་འགོག་ཚོད་འཛིན་ཚད་གཞི་གཏན་འབེབས་བྱེད་པར་མཛུབ་སྟོན་བྱེད་དགོས། ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་སྐབས་བྱུང་བའི་ནད་དུག་འགོས་པའི་ནད་པ་རེ་གཉིས་ལ། འཕྲལ་བསྟུན་ཐག་གཅོད་བྱེད་ཐབས་ལུགས་མཐུན་གནད་འཁེལ་ཡིན་དགོས། ལས་ཀ་དང་ཐོན་སྐྱེད་སླར་གསོའི་ཞབས་ཞུ་སྟབས་བདེ་ཚད་མཐོར་འདེགས་བྱས་ཏེ། ལུགས་མཐུན་མིན་པའི་ཞིབ་མཆན་མེད་པར་གཏོང་དགོས། ཁེ་ལས་ཀྱི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་མྱུར་མོར་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། སྲིད་ཇུས་ཆ་སྡེབ་ལག་བསྟར་ཐབས་ཤེས་འཐུས་ཚང་དུ་བཏང་ནས། གཞི་གཅིག་ཅན་གྱི་སྲིད་དོན་སྟེགས་བུའི་སྟེང་ཁེ་ལས་ཆུང་བ་དང་སྒེར་ཚོང་གཉེར་མཁན་ལ་ཞབས་འདེགས་ཞུ་བའི་ཆེད་སྒྲིག་ལེ་ཚན་བཙུགས་ཏེ། སྲིད་ཇུས་སྣ་ཚོགས་ཤེས་སླ་བར་བྱེད་པ་དང་མཉམ་གཅིག་ཏུ་འགྲོ་ལུགས་སྒྲུབ་ཏུ་འཇུག་དགོས། ཉམས་མྱོང་སྤྱི་སྡོམ་བྱས་ཏེ། སྲིད་ཇུས་དང་བྱེད་ཐབས་བཟང་བོ་ཁ་ཤས་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་གཏོང་དགོས།

གྲོས་ཚོགས་སྟེང་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་ནི་རང་རྒྱལ་གྱིས་འགན་ཁུར་བའི་རྒྱལ་ཁབ་ཆེན་པོའི་ནུས་པ་འདོན་པ་དང་། མིའི་རིགས་ཀྱི་ལས་དབང་གཞི་གཅིག་ཅན་གྱི་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་མཚོན་བྱེད་གལ་ཆེན་ཡིན་པས། མུ་མཐུད་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བར་དུ་མཉམ་ལས་དམ་པོ་བྱེད་པ་དང་། འབྲེལ་ཡོད་རྒྱལ་ཁབ་བར་དུ་འབྲེལ་འདྲིས་ཟབ་མོ་བྱས་ཏེ། རིམས་འགོག་ཉམས་མྱོང་མཉམ་སྤྱོད་དང་རིམས་འགོག་བྱེད་ཐབས་མཐུན་སྦྱོར་བྱེད་པ་དང་། ཕྱི་ཕྱོགས་དྲིལ་སྒྲོག་འོས་སྦྱོར་དང་སྤྱི་པའི་ཕྱི་འབྲེལ་ལ་ཤུགས་བསྣན་ནས། ས་ཁུལ་དང་འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས།

  ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།