ཀྲུང་གོ་བོད་ཀྱི་དྲ་བ།

2019ལོར་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ལས་བྱེད་པ45ཞིབ་བཤེར་ཐག་གཅོད་བྱས་པ་དང་རྒྱལ་ཡོངས་སུ་མི10357གྱིས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : མཁའ་འགྲོ   སྤེལ་དུས། : 2020-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས24ཉིན། ཀྲུང་དབྱང་སྒྲིག་ཨུད་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ལས་དོན་སྙན་ཞུ་ཆ་ཚང་ཁྱབ་བསྒྲགས་བྱས། སྙན་ཞུ་ལས་མངོན་པ་ལྟར་ན། 2019ལོར་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ལས་བྱེད་པ45ཡི་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་དང་། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་དོན་ཁྲི61.9ཐོ་འགོད་བྱས་ནས་ཞིབ་བཤེར་བརྟག་དཔྱད་བྱས། མི་ཁྲི58.7ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཅིང་། ཉེས་བསགས་དོགས་པ་ཡོད་པས་ཞིབ་དཔྱོད་ལས་ཁུངས་ལ་སྐྱེལ་སྤྲོད་བྱས་པའི་མི་ཁྲི2.1ཡོད། ཟིལ་གནོན་ཆེན་པོ་དང་སྲིད་ཇུས་ཀྱི་འབོད་སྐུལ་འོག་རྒྱལ་ཡོངས་ཀྱི་མི10357རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ་དང་། དེའི་ནང་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ལས་བྱེད་པ5དང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པ119ཡོད། “གནམ་རྒྱ2019ལོའི”བྱ་སྤྱོད་སྤེལ་ནས་ཕྱིར་བྲོས་མི་སྣ2041འདེད་ལེན་བྱས་པ་དང་། དེའི་ནང“འཛིན་བཟུང་བཀའ་རྒྱ་དམར་པོའི་མི་བརྒྱའི”ནང་གི་མི4དང་། “འཛིན་བཟུང་བཀའ་རྒྱ་དམར་པོའི་མི་སྣ”40།  ཏང་ཡོན་དང་རྒྱལ་ཁབ་ཀྱི་ལས་དོན་མི་སྣ860བཅས་ཡོད་པ་དང་། བཙོག་དངུལ་སྒོར་དུང་ཕྱུར54.2འདེད་ལེན་བྱས་ཡོད། རྒྱལ་ཡོངས་སུ་ནག་གཤེད་དང་འབྲེལ་བ་ཡོད་པའི་རུལ་སུངས་དང“འགེབས་སྲུང”གི་གནད་དོན་གྱོད་དོན་ཁྱོན་བསྡོམས་ཁྲི3.8ཐོ་འགོད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་ཁྲི3.2ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཡོད། ཉེས་བསགས་དོགས་པ་ཡོད་པས་ཞིབ་དཔྱོད་ལས་ཁུངས་ལ་སྐྱེལ་སྤྲོད་བྱས་པའི་མི4900ལྷག་ཡོད། །


རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།