ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨེ་སེ་ཨུག་པུའུ་ཡའི་ཙུང་ལི་ཨ་པུས་ལ་ཁ་པར་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་ལྔ་ཉིན་དུས་བཅད་ལྟར་ཨེ་སེ་ཨུག་པུའུ་ཡའི་ཙུང་ལི་ཨ་པུས་ལ་ཁ་པར་བཏང་། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་མི་དམངས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་གནད་འགག་གི་སྐབས་འདིར་སྐུ་ཞབས་ཙུང་ལི་ལགས་ཀྱིས་ཐེངས་གཉིས་ལ་འཕྲིན་ཡིག་སྐུར་ནས་འཚམས་འདྲི་བྱས་པར་མ་ཟད། བདག་དང་མཉམ་དུ་ཁ་པར་བརྒྱུད་ནས་རང་ཉིད་ཀྱི་སེམས་འདུན་བསྟན་པ་དེས། ཀྲུང་གོ་དང་ཨེ་སེ་ཨུག་པུའུ་ཡ་གཉིས་ནི་ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་གྲོགས་པོའི་བརྩེ་སེམས་ཟབ་མོ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་མཁན་ཡིན་པ་གསལ་བོར་བསྟན་ཡོད། ཨེ་སེ་ཨུག་པུའུ་ཡ་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གྲོས་གཞི་གཞིར་བཟུང་ནས་ཀྲུང་གོའི་ཕྱོགས་ལ་རྒྱུན་ལྡན་ངང་འབྲེལ་འདྲིས་འགྲོ་འོངས་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱི་ཡིད་ཆེས་མཚོན་པར་བྱས་ཡོད་པས། ང་ཚོས་དེར་བསྟོད་བསྔགས་བྱེད་བཞིན་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་རྒྱུ་ནི་མིག་སྔར་ཀྲུང་གོ་སྲིད་གཞུང་གི་དོན་ཆེན་ཨང་དང་པོ་ཡིན། ང་ཚོས་ཀྲུང་གོ་མི་དམངས་དང་འཛམ་གླིང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་སེམས་བདེ་ཐང་ལ་འགན་འཁྲི་ཚད་མཐོན་པོ་འཛིན་པའི་རྣམ་འགྱུར་བཅངས་ནས། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་བེད་སྤྱོད་བྱས་ཏེ། ཆེས་འཐུས་སྒོ་ཚང་བ་དང་ཆེས་མཐིལ་ཕྱིན་ཡིན་པ། ཆེས་གཟབ་ནན་བཅས་ཀྱི་བྱེད་ཐབས་སྤྱད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་པར་མ་ཟད། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནས་བབ་ཇེ་ལེགས་སུ་སོང་ཡོད། རིམས་ནད་ཀྱིས་ཀྲུང་གོའི་ཡུན་རིང་གཏན་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོར་འགྱུར་བ་གཏོང་མི་སྲིད་ལ། ང་ཚོར་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་དང་ནུས་པ། གདེང་ཚོད་བཅས་ཡོད་པར་མ་ཟད། རིམས་ནད་ཀྱི་ཤུགས་རྐྱེན་ཆེས་ཆུང་བའི་ཚད་དུ་ཇེ་དམར་བཏང་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྲུང་གོ་དང་ཨེ་སེ་ཨུག་པུའུ་ཡ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ཀྱིས་འཕེལ་རྒྱས་ཀྱི་འབྲེལ་བ་བཟང་བོ་སྲུང་འཛིན་བྱས་ཡོད། བདག་གིས་སྐུ་ཞབས་ཙུང་ལི་ལགས་དང་ཧྥེ་གླིང་གི་རྒྱལ་ཁབ་གཞན་པའི་འགོ་ཁྲིད་པ་དང་མཉམ་དུ་ཀྲུང་གོ་དང་ཨེ་སེ་ཨུག་པུའུ་ཡ་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་སྔར་ལས་ལག་བསྟར་དང་དངོས་འབེབ་བཟང་བོ་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཨ་པུས་ཡིས་ཨེ་སེ་ཨུག་པུའུ་ཡ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་ཀྲུང་གོ་མི་དམངས་ལ་ཏོག་གསར་གློ་ཚད་ཀྱི་རྐྱེན་ངན་དང་འཕྲད་པའི་ཐད་ནས་འཚམས་འདྲི་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་ཐད་ལ་ནུས་ཡོད་ཀྱི་བྱེད་ཐབས་གང་ལེགས་སྤྱད་པར་གདེང་འཇོག་ཚད་མཐོན་པོ་བྱས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།