ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་བ་ལས་བཟོ་བའི་ལས་ཞུགས་ལ་སྐུལ་མ་གཏོང་བ་དང་དང་ལེན་བྱེད་པའི་བྱེད་ཐབས་གཏན་ལ་ཕབ་པ་དང་། དངུལ་རྩ་ལས་ཁུངས་ལ་སྐུལ་མ་བཏང་སྟེ་ཁེ་ལས་འབྲིང་ཆུང་གིས་དངུལ་བུན་བསྐྱིས་པར་གནས་སྐབས་རང་བཞིན་གྱི་སྒོ་ནས་མ་རྩ་དང་སྐྱེད་ཀ་ཕྱིར་སྤྲོད་དུས་ཡུན་ཇེ་རིང་དུ་གཏོང་བར་མ་ཟད་གཟིགས་སྐྱོང་ཁེ་སྤོགས་སྐྱི་དངུལ་འཕར་སྣོན་བྱེད་རྒྱུ་གཏན་འཁེལ་བྱས་ཤིང་། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་པའི་དཀའ་ཁག་སེལ་རོགས་བྱེད་རྒྱུ་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་བཏང་ནས། བརྟན་འཇགས་དྲུག་གི་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་དང་། ནུས་ལྡན་ནང་མཁོ་རྒྱ་བསྐྱེད་ནས་ཧུར་ཐག་སྒོས་ལོ་ཧྲིལ་བོའི་འཕེལ་རྒྱས་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་དགོས། དེང་སྐབས་ལས་ཞུགས་བརྟན་འཇགས་དང་ལྷག་པར་དུ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་བ་ལས་བཟོ་བ་སོགས་ཀྱི་ལས་ཞུགས་ལ་ཡིད་འཇོག་ཆེན་པོ་བྱེད་དགོས་ཟེར།
ཚོགས་ཐོག་ནས་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་ལྟར་ཁེ་ལས་འབྲིང་ཆུང་གི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་དངུལ་རྩའི་རྒྱབ་སྐྱོར་ལ་ཤུགས་སྣོན་དགོས་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།