ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེའི་རྒྱལ་རྒྱུད་འཛིན་མཁན་མུའུ་ཧན་མོ་ཏེ་ལ་ཁ་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨབ་ཀྲ་པེའི་རྒྱལ་རྒྱུད་འཛིན་མཁན་མུའུ་ཧན་མོ་ཏེ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བཤད་རྒྱུར།  ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་གནད་འགག་གི་སྐབས་སུ། རྒྱལ་སྲས་མཆོག་གིས་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ནས་ཀྲུང་གོ་ཕྱོགས་ཀྱི་རིམས་ནད་འགོག་བཅོས་ལ་རྒྱབ་སྐྱོར་བྱས་པ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོ་ཕྱོགས་ལ་སྨན་བཅོས་དངོས་ཟོག་ཐེངས་མང་པོར་མཁོ་འདོན་བྱས་པ་དེ་ཐོག་ནས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་ཕྱར་བ་གྲུ་འདེགས་ཀྱི་མཛའ་གྲོགས་ཟབ་མོ་དང་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ནས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོན་པོ་ཡིན་གང་ལེགས་མཚོན་ཡོད་པས་ངས་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། རིམས་ནད་བྱུང་བ་ནས་བཟུང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ནས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆེས་ཁྱོན་ཡོངས་དང་། ཆེས་གཟབ་ནན། ཆེས་མཐར་ཕྱིན་པ་བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱད་དེ་མཐའ་གཅིག་ཏུ་རིམས་ནད་མཆེད་རྒྱུ་བཀག་འགོག་བྱས། ང་ཚོས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་མིག་སྔར་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཐད་དགེ་མཚན་ལྡན་པའི་འཕེལ་ཕྱོགས་བཟང་པོ་ཐོན་ཡོད། ཀྲུང་གོར་རིམས་ནད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་། ནུས་པ། གདེང་ཚོད་བཅས་ཡོད། ང་ཚོས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དུས་མཚུངས་སུ་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་གསུངས།

མོ་ཧན་མོ་ཏེས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོའི་མི་དམངས་ལ་ཏོག་གསར་གློ་ཚད་རིམས་ནད་ཕོག་ཚུལ་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ནུས་པ་ཡོད་ཚད་སྤྱད་དེ་རིམས་ནད་ལ་ཁ་གཏད་གཅོག་པར་ཚད་མཐོའི་བསྔགས་བརྗོད་བྱས། མུའུ་ཧན་མོ་ཏེས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་ཀྲུང་གོའི་གྲོགས་པོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པས་ཀྲུང་གོ་ཕྱོགས་ཀྱི་རིམས་ནད་འགོག་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་ལ་མུ་མཐུད་དུ་རོགས་རམ་བྱེད་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་སྔ་མོ་ནས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་མི་དམངས་དང་དཀའ་ངལ་མཉམ་སེལ་བྱ་རྒྱུ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་དེ་བས་ལེགས་པོ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།