ཧུའུ་པེ་རུ་སྐྱོད་པའི་ཀྲུང་དབྱང་མཛུབ་ཁྲིད་ཚན་ཆུང་གིས་ཏོག་གསར་གློ་ཚད་འགོས་ཡོད་པའི་སྨན་ལས་མི་སྣར་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱེད་དགོས་ཞེས་བཤད་པ།


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རིམས་ནད་ཀྱི་འགོག་རྒོལ་གཡུལ་ས་རུ་སྨན་ལས་མི་སྣ་ཁག་གཅིག་ལ་ཏོག་གསར་གློ་ཚད་འགོས་ཡོད་པ་གཏན་འཁེལ་བྱས་པ་དང་ལ་ལས་རང་སྲོག་ཤོར་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཀྲུང་དབྱང་གི་རིམས་ནད་ལ་ཁ་གཏད་གཅོག་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱ་ཆེད། ཚེས25ཉིན་ཀྲུང་དབྱང་མཛུབ་ཁྲིད་ཚན་ཆུང་གིས་ཏོག་གསར་གློ་ཚད་འགོས་པའི་སྨན་ལས་མི་སྣར་ཆེད་དུ་འཚམས་འདྲི་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་བརྙན་ལམ་བརྒྱུད་དེ་ཐུང་ཅི་སྨན་ཁང་དང་། ཞེ་ཧོ་སྨན་ཁང་། ཀྲུང་ནན་སྨན་ཁང་བཅས་སུ་ཏོག་གསར་གློ་ཚད་འགོས་ཡོད་པའི་སྨན་ལས་མི་སྣར་བཀའ་འདྲི་ཞིབ་ཕྲ་གནང་བ་དང་འབྲེལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁོང་ཚོར་ཐུགས་ཁུར་དང་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་བྱས་ཤིང་། ཁོང་ཚོས་བློ་བདེ་པོའི་ངང་ནད་གཞི་གསོ་བ་དང་ཡིད་ཆེས་བརྟན་པོ་བཅངས་ནས་གང་མགྱོགས་ཀྱིས་དྲག་སྐྱེད་ཡོང་བར་བརྩོན་ལེན་བྱ་རྒྱུའི་ཐུགས་རེ་གནང་བ་རེད།

 ཁོ་མོས་བསྡུ་བཅོས་སྨན་ཁང་གིས་ཆུ་ཚད་མཐོ་བའི་རྒྱལ་ཁབ་སྨན་བཅོས་རུ་ཁག་གི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་སྨན་བཅོས་ཇུས་གཞི་ཞིབ་ཚགས་བཟོས་ཏེ་ནད་གཞི་ལྕི་བའི་སྨན་ལས་མི་སྣར“མི་རེར་ཐབས་ཇུས་རེ”མཁོ་འདོན་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད། ཕྱོགས་སོ་སོ་དང་ལྷག་པར་དུ་ཧུའུ་པེ་དང་ཝུའུ་ཧན་གྱིས་འགོས་ནད་ཕོག་པའི་སྨན་ལས་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་ཡག་པོ་བྱེད་པ་དང་། ཁོང་ཚོའི་འཚོ་བ་དང་ཁྱིམ་ཚང་སོགས་ཀྱི་དཀའ་ངལ་སེལ་ཅི་ཐུབ་བྱས་ནས་རོགས་རམ་དང་ལྟ་རྟོག་ཞིབ་ཚགས་བྱེད་དགོས་ཞེས་མངག་བཅོལ་གནང་།

 སུན་ཁྲུན་ལན་གྱིས་རྒྱ་ཆེའི་སྨན་ལས་མི་སྣས་ཉེན་ཁར་མི་སྐྲག་པར་གདོང་མཆོང་བྱས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོང་བྱ་ཆེད་བྱས་རྗེས་གལ་ཆེན་ཕུལ་བ་ནི་རིམས་ནད་འགོག་པའི་དམག་འཐབ་ཁྲོད་ཀྱི་དཔའ་བོ་ཏག་ཏག་རེད། སྨན་ལས་མི་སྣར་སྲུང་སྐྱོང་དང་། སེམས་ཁུར། གཅེས་སྐྱོང་བཅས་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་སྔར་ལས་ལྷག་པར་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། དུས་ཐོག་ཏུ་སྨན་ལས་མི་སྣ་རྣམས་རེས་མོས་བྱས་ནས་ངལ་གསོ་བར་བཀོད་སྒྲིག་བྱེད་པ། ཚན་རིག་དང་མཐུན་པའི་འགོག་སྲུང་དང་སྨན་ཁང་ནང་ཁུལ་དུ་རིམས་ནད་འགོ་པར་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བ། བསྔགས་སྐུལ་དང་། གཟིགས་སྐྱོང་། ཐོབ་ཐང་འགན་སྲུང་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ཏེ་རྒྱ་ཆེའི་སྨན་ལས་མི་སྣ་རྣམས་ལ་ཐོག་མཐའ་བར་གསུམ་དུ་འཐབ་འཛིང་གི་ནུས་ཤུགས་ཆེན་པོ་དང་། དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས། སྟོབས་ཤུགས་ཀྱི་སྤོབས་པ་བཅས་བསྩལ་ནས་རྒྱུན་མཐུད་སྐྱོན་བྲལ་ངང་རིམས་ནད་འགོག་པའི་འཐབ་རྩོད་ནང་ཞུགས་སུ་འཇུག་དགོས་ཞེས་བཤད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།