ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་པེ་ཅིན་ནས་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པ་པེ་ཅིན་ནས་གྲོལ་བ་དང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་མི་ཆོག་པ་དང་རི་སྐྱེས་སྲོག་ཆགས་འདྲ་མིན་ཁ་ཟས་སུ་སྤྱོད་པའི་གོམས་སྲོལ་ངན་པ་རྩ་བ་ནས་བསྒྱུར་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་ལ་འགན་སྲུང་བྱེད་པའི་སྐོར་གྱི་ཆོད་དོན་དང་།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་རྗེས་ལ་བསྣུར་ནས་འཚོགས་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཐེངས་འདིའི་ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་རྗེས་ལ་བསྣུར་ནས་འཚོགས་རྒྱུ་གཏན་འཁེལ་བྱེད་པའི་སྐོར་གྱི་ཆོད་དོན་ནི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར། རིམས་ནད་ཀྱི་གནས་བབ་དང་འགོག་བཅོས་ཚོད་འཛིན་བྱ་བའི་དགོས་མཁོ་ལ་དབྱེ་ཞིབ་བྱས་ཤིང་། རྩ་ཁྲིམས་རྩ་དོན་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར། ནན་ཏན་སྒོས་ཞིབ་འཇུག་དང་གཟབ་ནན་སྒོས་བསམ་གཞིགས་བཏང་བ་བརྒྱུད་ནས་ཐག་བཅད་པ་ཡིན། ཚོགས་ཆེན་འོས་འཚམ་སྒོས་རྗེས་ལ་བསྣུར་བ་དེ་རིམས་ནད་འགོག་བཅོས་ཚོད་འཛིན་ལ་ཕན་པ་ཡོད་པ་དང་ཚོགས་ཆེན་ཚོགས་སྐབས་གྲོས་ཚོགས་ཀྱི་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་ཕན་པ་ཡོད་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་བར་བྱས་རྗེས་ཆེན་པོ་འཇོག་དགོས། རིམས་ནད་འགོག་བཅོས་ཚོད་འཛིན་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་བཏང་ནས་བཅའ་ཁྲིམས་ལམ་ལུགས་ནུས་ལྡན་སྒོས་ལག་བསྟར་བྱེད་རྒྱུར་ཁག་ཐེག་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་སྐྱེད་སྲིང་བྱེད་པར་ཤུགས་བསྣན་ནས་ཁྲིམས་ལྟར་འགོག་སྲུང་ཚོད་འཛིན་བྱ་བ་སྣ་ཚོགས་ལ་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།