ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བོད་རིཊ་སློབ་མ་17ལ་འཕྲིན་ལན་བསྐུར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བོད་ཀྱི་ལོ་གསར་འཆར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་2པའི་ཚེས་21ཉིན། པེ་ཅིང་སློབ་ཆེན་ཧྲའུ་ཀང་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་ཡོད་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་གི་སློབ་མར་འཕྲིན་ལན་བསྐུར་གནང་ནས། ཁོང་ཚོས་བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་ལེགས་སྐྱེས་འབུལ་རྒྱུའི་འདུན་པ་འཆང་བར་ཁས་ལེན་གནང་བ་དང་། ཁོང་ཚོས་ལས་སྒོའི་རྩལ་ནུས་སྦྱོང་བརྡར་ཡག་པོ་བྱེད་པ་དང་། གཞི་རིམ་མི་དམངས་ལ་ཞབས་ཞུ་བསྒྲུབ་རྒྱུའི་སྐུལ་མ་གནང་བ་མ་ཟད། ཁོང་ཚོ་དང་དེ་བཞིན་བོད་རིགས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཁྱེད་ཚོ་སློབ་གྲོགས་17ནས་པེ་ཅིང་དུ་ནད་ཐོག་དངོས་སྦྱོང་བྱེད་རིང་ནད་ཐོག་གི་རྨང་གཞིའི་རྩལ་ནུས་སྦྱོང་བརྡར་ཐུབ་ཡོད་ལ། བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་ལེགས་སྐྱེས་འབུལ་བའི་ཆོད་སེམས་བརྟན་དུ་ཕྱིན་ཡོད་པས་ང་རང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད།

     ཞི་ཅིན་ཕིང་གིས། སྨན་པ་ནི་མིའི་བདེ་ཐང་གི་སྲུང་སྐྱོབ་པ་ཡིན། ཐེངས་འདིའི་ཏོག་གསར་གློ་ཚད་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པའི་འཐབ་རྩོད་ནང་དམག་དཔུང་དང་ས་གནས་ཀྱི་རྒྱ་ཆེའི་སྨན་དོན་ལས་དོན་པས་གདོང་མཆོངས་དང་། དཔའ་ངར་ཆེན་པོས་འབད་འཐབ་བྱས་ཤིང་། བྱ་སྤྱོད་ངོ་མའི་ཐོག་ནས་གོས་དཀར་ལྷ་རྗེ་ཡི་ནད་བཅོས་སྲོག་སྐྱོབ་ཀྱི་བླ་ན་མེད་པའི་སྙིང་སྟོབས་ལ་གསལ་འགྲེལ་བྱས་ཡོད། ཁྱེད་ཚོས་ཁོང་རྣམས་མིག་དཔེར་བཟུང་ནས་ཏང་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་པའི་སྨན་པ་བཟང་པོ་ཞིག་ཆགས་པ་བྱ་རྒྱུར་ཡིད་ཆེས་ཡོད། ཁྱེད་ཚོས་སློབ་སྦྱོང་གི་གོ་སྐབས་ལ་གཅེས་འཛིན་གྱིས་ལས་སྒོའི་རྩལ་ནུས་བྱང་ཆུབ་པ་བྱས་ཐོགདངོས་སྦྱོང་མཇུག་སྒྲིལ་རྗེས་མི་དམངས་ལ་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་རྒྱུ་དང་། ལྷག་བསམ་དང་འཇོན་ཐང་གི་ཐོག་ནས་མི་དམངས་དང་ལྷག་པར་དུ་གཞི་རིམ་མང་ཚོགས་ལ་ཕན་བདེ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་བསྟན་འདུག

     སྤྱི་ལོ་2019ལོའི་ཟླ་བ་6པར། ཆ་སྒྲིག་རོགས་སྐྱོར་བྱེད་མཁན་མཐོ་སློབ་སྟེ་པེ་ཅིང་སློབ་གྲྭ་ཆེན་མོའི་གསོ་རིག་པུའུ་ཡི་བཀོད་སྒྲིག་འོག བོད་ལྗོངས་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་གི་2015ལོའི་ནད་ཐོག་གསོ་རིག་ཆེད་ལས་ཀྱི་དངོས་གཞིའི་འཛིན་གྲྭའི་སློབ་མ་17ཧྲའུ་ཀང་སྨན་ཁང་དུ་སླེབས་པ་དང་། དུས་ཡུན་ཟླ་བ་11རིང་གི་ནད་ཐོག་དངོས་སྦྱོང་བྱེད་འགོ་བཙུགས་ཡོད། མི་རིང་བའི་གོང་། སློབ་མ་དེ་དག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་དངོས་སྦྱོང་བྱས་ཚུན་གྱི་སྦྱངས་འབྲས་དང་མྱོང་ཚོར་སྙན་སེང་ཞུས་པ་དང་། ཏང་དང་རྒྱལ་ཁབ་ལ་བཅངས་པའི་དྲིན་ཚོར་གྱི་བསམ་པ་དང་། དེ་བཞིན་རྩལ་ནུས་ལེགས་པར་སྦྱངས་རྗེས་མེས་རྒྱལ་གྱི་དྲིན་གསོ་རྒྱུ་དང་། ཕ་ཡུལ་འཛུགས་སྐྲུན་བྱ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།