ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་བྱ་བ་སྣ་ཚོགས་ཀྱི་རེ་བ་དངོས་འབེབས་བྱེད་པར་མཛུབ་སྟོན་བྱས་ཏེ། ཁེ་ལས་ལས་དོན་ལས་ཁུངས་ཀྱིས་གོ་རིམ་ལྡན་པར་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བར་དམིགས་ཏེ། ཁེ་ལས་ལས་དོན་ལས་ཁུངས་ཀྱིས་ལས་འཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་རིམས་ནད་འགོག་བཅོས་བྱེད་ཐབས་ཕྱོགས་སྟོན་འགྲེམ་སྤེལ་བྱས།
ཕྱོགས་སྟོན་ལས་བསྟན་དོན། ལས་ཁུངས་སོ་སོས་གནས་ཚུལ་འདྲ་མིན་བྱུང་བ་ཐག་གཅོད་བཟང་བོ་བྱེད་དགོས། འགན་འཁུར་གཙོ་བོ་ནི་རིམས་ནད་འགོག་བཅོས་ཀྱི་འགན་འཁུར་བ་དང་པོ་ཡིན་པས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཕྲལ་སྒྲུབ་བྱེད་ཐབས་དང་ཐག་གཅོད་བརྒྱུད་རིམ་གསལ་བོར་ཤེས་དགོས། ལོགས་སུ་བཀར་ཏེ་ལྟ་ཞིབ་བྱེད་པའི་ཁུལ་ཁོངས་འཛུགས་དགོས་པ་དང་། ལས་བཟོ་བར་དོགས་ཡོད་ནད་རྟགས་བྱུང་ན་གནས་སྐབས་སུ་ལོགས་སུ་བཀར་དགོས་པར་མ་ཟད་ས་གནས་རིམས་ནད་ཚོད་འཛིན་ལས་ཁུངས་ལ་ཡར་ཞུ་བྱས་ཏེ། འབྲེལ་ཡོད་ཚད་ལྡན་རེ་བ་ལྟར་མི་སྣ་བཀོལ་སྒྲིག་བྱས་ནས་སྨན་བཅོས་བྱེད་དགོས་པར་མ་ཟད་མྱུར་དུ་དེའི་བྱ་བའི་ལས་གནས་དང་ཉལ་ཁང་ལོགས་སུ་བཀར་དགོས། ནད་ཀྱི་བྱུང་དཔེ་རྩད་ཆོད་པའི་ལས་ཁུངས་ཀྱིས་ནད་འགོ་བར་ཞིབ་བཤེར་བྱེད་པ་དང་འབྲེལ་འདྲིས་དམ་པོ་བྱེད་མཁན་ལ་རྗེས་སྙེག་དོ་དམ་བྱེད་པ། རིམས་ནད་འགོག་བཅོས་བྱེད་སར་དུག་སེལ་བྱེད་པ་སོགས་ཀྱི་བྱ་བར་ཤུགས་སྣོན་དགོས། རིམས་ནད་མཆེད་པའི་ལས་ཁུངས་ཀྱིས་རིམས་ནད་ལྗིད་ཚད་ལྟར་གནས་སྐབས་སུ་བྱ་བ་སྒྲུབ་སའི་སྒོ་རྒྱག་པ་དང་། རིམས་ནད་ཚོད་འཛིན་བྱས་རྗེས་ཡང་བསྐྱར་ཐོན་སྐྱེད་སླར་གསོ་བྱེད་དགོས་ཟེར། །