ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ལས་བྱེད་ཐབས་སྣ་མང་སྤྱད་ནས་འཐབ་ས་དང་པོའི་སྨན་ལས་མི་སྣར་འགན་ལེན་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་པ། 

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཁྲེན་ཚུང་དང་ཐེན་ཞའོ་ཧང་།   སྤེལ་དུས། : 2020-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས20ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་མང་པོས་བྱ་ཐབས་སྣ་མང་སྤྱད་དེ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ས་དང་པོ་རུ་བྱ་བ་སྒྲུབ་མཁན་གྱི་སྨན་ལས་མི་སྣར་འགན་ལེན་དང་རྒྱབ་སྐྱོར་གང་ལེགས་བྱ་རྒྱུ་དང་འཐབ་ས་དང་པོ་ན་ཡོད་པའི་སྨན་ལས་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱ་རྒྱུ་རེད། 

ཟླ2ཚེས20ཉིན་པེ་ཅིང་དུ་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་ཡུལ་དངོས་ཀྱི་རྣམ་པ་རེད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་མི་དོན་ཟི་ཡི་ཟི་ཀྲང་གཞོན་པ་ཏོན་ཡུང་གིས་གསར་འགྱུར་ཡོངས་བསྒྲགས་ཁྱབ་སྤེལ་ཚོགས་འདུའི་ཐོག་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《འཐབ་ས་དང་པོ་ན་ཡོད་པའི་སྨན་ལས་མི་སྣ་དང་དེའི་ནང་མིར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ནས་ས་གནས་ཁག་གིས་འཚོ་བ་དང་། སེམས་ཁམས། མི་ཆོས། བདེ་འཇགས། ཐོབ་ཐང་སོགས་ཀྱི་ཐད་འཐབ་ས་དང་པོ་ན་ཡོད་པའི་སྨན་ལས་མི་སྣར་འགན་ལེན་དང་རྒྱབ་སྐྱོར་བྱེད་དགོས་ཞེས་བླང་བྱ་བཏོན། 

ཏོན་ཡུང་གིས་བཤད་རྒྱུར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཀྱང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ནོར་སྲིད་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་དུས་ཐུང་ནང་མགྱོགས་མྱུར་སྒོས་ཐོབ་ཐང་འགན་ལེན་གྱི་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད་དེ། གཅིག་ནི་ལས་རྨས་ངོས་འཛིན་གྱི་སྲིད་ཇུས་བཏོན་ནས་སྨན་ལས་མི་སྣ་རྣམས་ལས་ཀའི་འགན་འཁྲི་སྒྲུབ་སྐབས་ཏོག་གསར་གློ་ཚད་འགོས་པའི་རིགས་ལ་ལས་རྨས་སུ་ངོས་འཛིན་བྱེད་དགོས་པ་དང་། གཉིས་ནི་སྨན་ལས་མི་སྣའི་ཐོབ་ཐང་ཐད་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་ན་བྱ་བ་སྒྲུབ་མཁན་གྱི་སྨན་ལས་མི་སྣ་དང་རིམས་འགོག་གི་བྱ་བ་སྒྲུབ་མཁན་ལ་གནས་སྐབས་ཀྱི་ལས་ཀའི་ཁ་གསབ་སྤྲོད་དགོས་པ། གསུམ་ནི་འཕྲོད་བསྟེན་རིམས་འགོག་གི་ཁ་གསབ་ཕོགས་སྣོན་གྱི་ཚད་གཞི་ཇེ་མཐོར་གཏོང་རྒྱུའི་རེ་ཞུ་བྱས་ཏེ། ཁ་གསབ་ཕོགས་སྣོན་ཚད་གཞི་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་རྗེས་མྱུར་དུ་གཤམ་སྤྲོད་བྱ་རྒྱུ་ཡིན་པ། བཞི་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་འཁུར་བའི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་ལས་ཐོབ་གླ་ཕོགས་ཀྱི་བསྡོམས་འབོར་ཇེ་མང་དུ་བཏང་སྟེ། སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་འཐབ་ས་དང་པོ་ན་ཡོད་པའི་སྨན་ལས་མི་སྣར་ལས་ཀའི་ཁ་གསབ་སྤྲོད་ཆོག་པ་བཅས་རེད།

གཞན་ཡང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་ལས་མི་སྣའི་བདེ་ཐང་ལྟ་ཞིབ་ཚད་ལེན་དང་སྙན་ཞུའི་ལམ་ལུགས་ལ་ཤུགས་སྣོན་རྒྱག་པ་དང་། སྨན་ལས་མི་སྣའི་སྨན་བཅོས་སྐྱོབ་བཅོས་ཡག་པོ་བྱེད་པ། སྨན་ལས་མི་སྣའི་ཐོབ་ཐང་དོན་འཁྱོལ་བྱེད་པ་སོགས་ཀྱི་ཐད་ནས་འཐབ་ས་དང་པོའི་སྨན་ལས་མི་སྣར་འགན་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།