ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་ལ་ཁ་པར་བཏང་།
ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གནད་འགག་དུས་སྐབས་སུ། ཙུང་ཐུང་ལགས་ཀྱིས་ཡང་བསྐྱར་ཁ་པར་ཡོང་སྟེ་ཀྲུང་གོར་འཚམས་འདྲི་ཞུས་པ་དང་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དེ་ལས་ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་དང་ཀྲུང་དང་ཧྥ་རན་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་བ་མཚོན་ཡོད་ལ། དེ་མིན་ཁྱོད་རང་ཉིད་ཀྱིས་ཀྲུང་གོ་དང་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱས་པར་བདག་གིས་བཀའ་དྲིན་ཆེ་ཞུ་བ་དང་གཟེངས་བསྟོད་བྱེད་པ་ཡིན་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། ཏོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཀྲུང་གོ་ཕྱོགས་ཀྱིས་ཁྱོན་ཡོངས་ལ་སྐུལ་སློང་དང་ཁྱོན་ཡོངས་ལ་བཀོད་སྒྲིག་བྱས་པ་དང་། རྒྱལ་ཡོངས་ཀྱི་གོང་འོག་ཚང་མ་མཐུན་སྒྲིག་གཅིག་གྱུར་བྱས་ཏེ་རིམས་ནད་འགོག་བཅོས་ཀྱི་མི་དམངས་འཐབ་འཁྲུག་བརྒྱག་འགོ་བརྩམས། ཀྲུང་གོར་སྟོབས་དང་ལྡན་པའི་སྐུལ་སློང་ནུས་པ་དང་ཕྱོགས་བསྡུས་སྟོབས་ཤུགས་ལྡན་པ་དང་། སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ཉམས་མྱོང་ལྡན་པས། རིམས་ནད་འགོག་རྒོལ་ཐད་ནས་ཅིས་ཀྱང་རྒྱལ་ཁ་ལེན་ཐུབ། རིམས་ནད་ཀྱིས་ཀྲུང་གོའི་དཔལ་འབྱོར་ཐད་ལ་གནས་སྐབས་སུ་ཤུགས་རྐྱེན་ཐེབས་སྲིད་པ་དང་། ཚང་མས་འབད་བརྩོན་བྱས་པ་བརྒྱུད། ད་ལོར་ང་ཚོས་གཏན་འཁེལ་བྱས་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་ཡིད་ཆེས་ཡོད་ཟེར།
མ་ཁི་ལུང་གིས་བཤད་རྒྱུར། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོར་སྐོར་དང་པོའི་སྨན་བཅོས་དངོས་རྫས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་པ་དང་ཕྱིན་ཆད་མུ་མཐུད་དུ་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་པར་མ་ཟད་དེ་གོ་སྐབས་སུ་བཟུང་སྟེ་འཕྲོད་བསྟེན་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།