ཞི་ཅིན་ཕིང་གིས་དུས་བཅད་ལྟར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡོ་ཧན་ཞུན་ལ་ཁ་པར་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་དུས་བཅད་ལྟར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡོ་ཧན་ཞུན་ལ་ཁ་པར་བཏང་། ཞི་ཅིན་ཕིང་གིས་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པ་དང་ཡོ་ཧན་ཞུན་གྱིས་ཀྲུང་གོར་ཏོག་གསར་གློ་ཚད་བྱུང་བའི་ཐད་ནས་འཚམས་འདྲི་བྱས་པར་བཀའ་དྲིན་ཆེ་ཞུས།

 ཞི་ཅིན་ཕིང་གིས་བསྟན་དོན། དབྱིན་ཇི་ཕྱོགས་ཀྱིས་ང་ཚོའི་རིམས་ནད་འགོག་རྒོལ་གྱི་ཐད་ལ་རྒྱུ་ནོར་གྱིས་རྒྱབ་སྐྱོར་བྱས་པ་དེས་ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་མངོན་པར་མཚོན་ཡོད་ཟེར། 

ཞི་ཅིན་ཕིང་གིས་བསྟན་དོན། རིམས་ནད་བྱུང་བའི་ཚུན་ལ་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་སེམས་བདེ་ཐང་དེ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་པ་དང་། ལམ་ལུགས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ། རྒྱལ་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བ་བཅས་བྱས་ཏེ། ཆེས་ཆ་ཚང་བ་དང་ཆེས་གཟབ་ནན་ཡིན་པ། ཆེས་དོན་འཁྱོལ་ཡིན་པའི་འགོག་སྲུང་བྱེད་ཐབས་སྤྱད་པ་ཡིན། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ད་ལྟ་རིམས་ནད་འགོག་རྒོལ་ལ་འགྱུར་ལྡོག་ལེགས་པོ་བྱུང་ཡོད་པར་མ་ཟད། འགོག་རྒོལ་གྱི་བྱེད་ཐབས་སྣ་ཚོགས་སྤྱད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད། དེང་སྐབས་རིམས་ནད་འགོག་རྒོལ་བྱ་བ་ཆེས་གནད་འགག་གི་དུས་རིམ་ལ་སླེབས་ཡོད་པས། ང་ཚོས་མུ་མཐུད་དུ་རིམས་ནད་འགོག་རྒོལ་བྱ་བ་བཟང་བོར་སྒྲུབ་པ་དང་མཉམ་དུ་རིམས་ནད་ཀྱིས་བསླངས་པའི་ཤུགས་རྐྱེན་ཇེ་ཉུང་དུ་གཏོང་བར་འབད་བརྩོན་བྱེད་དགོས། ཀྲུང་གོའི་དཔལ་འབྱོར་ལ་མཉེན་ཤུགས་ཆེ་བ་དང་ནང་མཁོའི་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་ལ། ཐོན་ལས་ཀྱི་རྨང་གཞི་བརྟན་པོ་ཡོད། ང་ཚོར་ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ལྷག་པར་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་རྒྱལ་ཁབ་ཕུ་ཐག་ཆོད་པ་ལེན་ཐུབ་པ། དབུལ་ཐར་མཁྲེག་གཏོར་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པའི་འོས་འགན་གཙོ་བོ་ཡོངས་འགྲུབ་བྱེད་ཐུབ་པར་ཡིད་ཆེས་དང་ནུས་པ་ཆེན་པོ་ཡོད་ཟེར། 

ཡོ་ཧན་ཞུན་གྱིས་དབྱིན་ཇི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ། ཀྲུང་གོ་མི་དམངས་ལ་ཏོག་གསར་གློ་ཚད་ཀྱིས་གནོད་འཚེ་བཟོས་པའི་ཐད་ནས་འཚམས་འདྲི་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཁྱོན་ཡོངས་ནས་རིམས་ནད་འགོག་རྒོལ་ཐད་ལ་ནུས་ཡོད་བྱེད་ཐབས་སྤྱད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་དུས་ལྟར་རིམས་ནད་ཕྱོགས་ཀྱི་གནས་ཚུལ་ཁྱབ་སྒྲོག་དང་། འཛམ་གླིང་ཡོངས་ལ་རིམས་ནད་མཆེད་པར་འབད་བརྩོན་ཆེན་པོས་འགོག་སྲུང་བྱས་པར་བསྟོད་བསྔགས་ཚད་མཐོན་པོ་བྱས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།