ལིས་ཁེ་ཆང་གིས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པར་བཀོད་སྒྲིག་དང་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་དུས་མཚམས་རང་བཞིན་གྱི་ཆག་ཡང་དང་རྩ་ཆག་གཏོང་བ་དང་ཁེ་ལས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་དུས་འགྱངས་བྱས་ནས་འཇལ་ཆོག་པའི་སྲིད་ཇུས་ལག་བསྟར་བྱས


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2ཚེས18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་ཚོགས་ཐོག་ཏུ་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པའི་བྱ་བར་བཀོད་སྒྲིག་གནང་བ་དང་། ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་དུས་མཚམས་རང་བཞིན་གྱི་ཆག་ཡང་དང་རྩ་ཆག་གཏོང་བ། ཁེ་ལས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་ནར་འགྱངས་བྱས་ནས་འཇལ་ཆོག་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་དང་། བྱ་ཐབས་སྣ་མང་སྤྱད་དེ་ཁེ་ལས་བརྟན་པོ་དང་ལས་ཞུགས་བརྟན་པོ་ཡོང་རྒྱུ་ཐག་བཅད་པ་རེད།

 ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་ལག་བསྟར་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་གཉིས་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱེད་དགོས། མིག་སྔའི་ཞིང་རྨོ་དུས་བབ་ལ་འགོར་འགྱངས་གཏོང་མི་རུང་བས་ས་གནས་ཁོངས་གཏོགས་ཀྱི་འགན་འཁྲི་ནན་དུ་བཏང་ནས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱས་ཏེ་དཔྱིད་གྲོར་ལོ་ལེགས་འབྱུང་བར་འགན་ལེན་བྱེད་དགོས། གཅིག་ནི་ཞིང་གྲོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་རིགས་དབྱེ་ཞིབ་ཚགས་སུ་བཏང་ནས་ལྷོ་ནས་བྱང་བར་དཔྱིད་རྨོད་རྨོད་གྲབས་བྱ་བ་དམ་འཛིན་ཡག་པོ་བྱ་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ་དང་། དགུན་འདེབས་ལོ་ཏོག་གི་ཞིང་ཁར་དོ་དམ་བྱ་རྒྱུའི་ཤུགས་སྣོན་རྒྱག་དགོས།   ས་བོན་དང་རྫས་ལུད། ཞིང་སྨན། གཟན་ཆས་སོགས་ཞིང་སྤྱོད་དངོས་རྫས་ཐོན་སྐྱེད་ཁེ་ལས་ཀྱིས་གང་མགྱོགས་སྒོས་ལས་འགོ་བསྐྱར་ཚུགས་དང་ཡང་བསྐྱར་ཐོན་སྐྱེད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་སྤྱོད་དངོས་རྫས་ས་ཚིགས་གཅིག་ནས་ས་ཚིགས་གཞན་ལ་མཁོ་འདོན་འགན་ལེན་བྱེད་པའི་ལྗང་མདོག་བགྲོད་ལམ་འཛུགས་དགོས། གཉིས་ནི་སྒོ་ཕྱུགས་དང་ཁྱིམ་བྱ་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱ་དགོས། གཙོ་གནད་ས་ཁུལ་དུ་གྱོང་གུན་ཆེ་ཙམ་ཕོག་པའི་ཁྱིམ་བྱ་གསོ་ཚགས་ར་བའི་དུད་ཚང་ལ་དངུལ་བུན་འཇལ་བའི་དུས་བཀག་ཇེ་རིང་དུ་གཏོང་རྒྱུ་དང་དངུལ་བུན་གྱི་འགན་ཐེག་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་དགོས། ཕག་གསོ་ར་བའི་དུད་ཚང་གི་དངུལ་བུན་སྐྱེད་གསབ་དང་ཁ་གསབ་ཁྱབ་ཁོངས་དེ་སྔོན་གྱི་ལོ་རེར་ཕག5000ཡན་དེ་ཕག500ཡན་དུ་ལེགས་སྒྲིག་བྱས་ཡོད།  གསུམ་ནི་ནད་འབུའི་གནོད་འཚེ་ཚབས་ཆེན་ལ་འགོག་བཅོས་བྱེད་པར་ཤུགས་སྣོན་རྒྱག་པ་དང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཁ་གཏད་གཅོག་པའི་གྲ་སྒྲིག་བྱ་བ་སོ་སོ་ཡག་པོར་བསྒྲུབ་དགོས། འགོས་ཤུགས་ཆེ་བའི་འདབ་ཆགས་ཆམ་རིམས་དང་ཨ་ཧྥེ་རི་ཁའི་ཕག་རིམས་སོགས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས།

 ཚོགས་འདུའི་ཐོག་མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་གཉིས་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱ་དགོས་ཏེ། ད་སྔ་ཁ་ཚ་དགོས་གཏུག་ཏུ་གྱུར་བའི་ལས་འགན་ཞིག་ནི་ལས་ཞུགས་བརྟན་པོ་ཡོང་བར་བྱ་རྒྱུ་དེ་རེད། ལས་ཞུགས་བརྟན་པོ་ཡོང་བར་ངེས་པར་དུ་ཁེ་ལས་བརྟན་པོ་ཡོང་བར་བྱ་དགོས།  ཚོགས་འདུའི་ཐོག་གཅིག་ནས་དུས་མཚམས་རང་བཞིན་གྱིས་ཁེ་ལས་ཀྱི་རྒན་གསོ་དང་། ལས་ཤོར། ལས་རྨས་འགན་བཅོལ་བཅས་ཀྱི་སྡེ་ཁག་གིས་གྲོན་དངུལ་འཇལ་བར་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་དང་། རིམས་ནད་ཀྱིས་ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་ཤུགས་རྐྱེན་ཇེ་ཆུང་དུ་བཏང་ནས་ཁེ་ལས་ཀྱིས་ཐོན་སྐྱེད་སླར་གསོ་བྱས་རྗེས་ལྷོད་གཏོང་གི་དུས་མཚམས་ཤིག་ཡོད་པར་བྱ་རྒྱུ།  གཉིས་ནི་ལས་ཞུགས་བརྟན་པོ་ཞེས་པའི“བརྟན་པོ་དྲུག་”གི་ལས་འགན་གཙོ་བོ་དམིགས་སུ་བཀར་ནས་དམ་འཛིན་ལེགས་པོ་བྱ་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་རིགས་འབྱེད་བྱེད་པ་དང་། དོན་དངོས་དང་མཐུན་པའི་སྒོ་ནས་ཐོན་སྐྱེད་སླར་གསོ་དང་སླར་ཡང་ཐོན་སྐྱེད་བྱེད་པའི་དུས་ཚོད་དང་ཆ་རྐྱེན་གཏན་འཁེལ་བྱ་རྒྱུ་དང་། དགོས་མེད་ཀྱི་འགན་ཐེག་མ་དངུལ་མེད་པར་བཟོ་བ་བཅས་བྱ་དགོས། གསུམ་ནི་ལས་ཤོར་མི་སྣའི་གཞི་རྩའི་འཚོ་བར་འགན་སྲུང་བྱ་དགོས། དུས་ཐོག་ཏུ་རིམས་ནད་ཀྱི་ཤུགས་རྐྱེན་ལས་ལས་ཞུགས་བྱེད་དཀའ་བའི་མི་སྣ་རྣམས་ལས་ཞུགས་རོགས་སྐྱོར་ཁྱབ་ཁོངས་སུ་བཅུག་ནས་ལས་ཤོར་འགན་བཅོལ་དུས་ཐོག་ཏུ་འདང་ངེས་ཤིག་སྤྲོད་ཐུབ་པར་འགན་ལེན་བྱེད་དགོས། རིམས་ནད་ཚབས་ཆེ་བའི་ས་ཁུལ་གྱིས་གནས་སྐབས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ལས་ཤོར་འགན་བཅོལ་ཐེབས་རྩ་སྤྱད་དེ་ལས་ཤོར་མི་སྣར་ལས་ཤོར་ཁ་གསབ་རོགས་དངུལ་སྤྲོད་དགོས་པ་སོགས་གཏན་ཁེལ་བྱས། ། (མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་བསྒྱུར་བྱས། )

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།