​ཞི་ཅིན་ཕིང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་ཁ་གཏད་འཇལ་བའི་བྱ་བར་ཞིབ་འཇུག་བྱེད་པའི་སྐབས་ཀྱི་གསུང་བཤད་ཅེས་པའི་རྩོམ་ཡིག་གལ་ཆེན་བདེན་འཚོལ་དུས་དེབ་སྟེང་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན་པར་སྐྲུན་བྱས་པའི་ད་ལོའི་བདེན་འཚོལ་དུས་དེབ་སྐབས་བཞི་བའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁ་བྱང་ལ་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་ཁ་གཏད་འཇལ་བའི་བྱ་བར་ཞིབ་འཇུག་བྱེད་པའི་སྐབས་ཀྱི་གསུང་བཤད་ཅེས་པའི་རྩོམ་ཡིག་གལ་ཆེན་བཀོད།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཀྱི་གཏན་འཇགས་དང་ཐད་ཀར་འབྲེལ་བ་ཡོད་ལ། རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་དང་ཡང་འབྲེལ་བ་གལ་ཆེན་ཡོད་པས། ང་ཚོས་ཡིད་ཆེས་ཆེར་བསྐྱེད་དང་དཀའ་ངལ་མཉམ་སེལ། ལུགས་མཐུན་འགོག་བཅོས། གཏན་འཁེལ་ཇུས་བསྟར་བཅས་ཀྱི་རེ་བ་ལྟར། བྱ་བ་བཟང་བོར་བསྒྲུབ་པ་དང་། དུས་ཚོད་དམ་འཛིན་གྱིས་ནད་གདོན་དང་འཐབ་ནས། རིམས་ནད་མཆེད་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་དགོས་ཟེར།

རྩོམ་ཡིག་ནང་བསྟན་དོན། སྤྱིའི་ཆ་ནས་བལྟས་ན། ཏང་ཀྲུང་དབྱང་གི་རིམས་ནད་གནས་བབ་ཐད་ཀྱི་ཐག་གཅོད་ནི་ཡང་དག་ཡིན་པ་དང་། བྱ་བ་སྣ་ཚོགས་ཀྱི་བཀོད་སྒྲིག་བཟང་ལ། སྤྱད་པའི་བྱེད་ཐབས་ཀྱང་ནུས་ལྡན་ཡིན། ད་ལྟ། ཆེས་གནད་འགག་གི་གནད་དོན་ནི་བྱ་བ་དམ་འཛིན་དང་ལག་བསྟར་ནན་མོ་བྱེད་རྒྱུ་དེ་ཡིན། མིག་སྔར། རིམས་ནད་སྔོན་འགོག་ཚོད་འཛིན་ཕྱོགས་ནས་གཙོ་བོར་གཅིག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ཀྱི་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། གཉིས་ནས་རིམས་ནད་ཀྱི་གནས་བབ་ཛ་དྲག་ཆེ་བའི་ས་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་དགོས། གསུམ་ནས་འགོག་བཅོས་བྱེད་ཚད་དང་དྲག་སྐྱེད་བྱུང་ཚད་མཐོར་འདེགས་གཏོང་དགོས། བཞི་ནས་ཚན་རིག་ཞིབ་འཇུག་ཐད་ཤུགས་སྣོན་དགོས་ཟེར།

རྩོམ་ཡིག་ནང་བསྟན་དོན། སྤྱི་ཚོགས་གཏན་འཇགས་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི། རིམས་ནད་ཆེན་པོར་ཁ་གཏད་འཇལ་བའི་འགན་སྲུང་གལ་ཆེན་ཡིན། མིག་སྔར། གཤམ་གསལ་གྱི་བྱ་བ་འདི་དག་ལྷག་ཏུ་བཟང་བོར་བསྒྲུབ་དགོས་ཏེ། གཅིག་ནས་རྒྱུན་ལྡན་གྱི་དཔལ་འབྱོར་སྤྱི་ཚོགས་སྒྲིག་ལམ་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས། གཉིས་ནས་སྨན་བཅོས་སྲོག་སྐྱོབ་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དགོས། གསུམ་ནས་སྤྱི་ཚོགས་ཡོངས་ཀྱི་བདེ་འཇགས་གཏན་འཇགས་བྱ་བ་བརྟན་བརླིང་ངང་བསྒྲུབ་དགོས། བཞི་ནས་རྒྱུན་ལྡན་གྱི་འགྲིམ་འགྲུལ་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

རྩོམ་ཡིག་ནང་བསྟན་དོན། དྲིལ་སྒྲོག་སློབ་གསོ་དང་གླེང་ཕྱོགས་ཀྱི་སྣེ་ཁྲིད་བྱ་བ་བཟང་བོར་བསྒྲུབ་ན། དྲ་ཐོག་དྲ་འོག་དང་རྒྱལ་ཁབ་ཕྱི་ནང་། དོན་ཆེན་དོན་ཆུང་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་མི་སེམས་འགུལ་བར་བྱེད་པ། མི་སེམས་གཅིག་ཏུ་བསྒྲིལ་ནས། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། གཅིག་ནས་སྲིད་ཇུས་ཇེ་དྲག་ཏུ་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་ཁ་ལེན་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། གཉིས་ནས་གཙོ་ཁྲིད་ཡང་དག་བྱེད་པ་དང་། དྲ་ཐོག་གི་དྲང་ཕྱོགས་ཀྱི་ནུས་ཚད་ཆེར་སྐྱེད་དགོས། གསུམ་ནས་རང་འགུལ་སྒོས་རྒྱལ་སྤྱིའི་གླེང་ཕྱོགས་ལ་ཤན་ཤུགས་ཐེབས་ཐུབ་པར་བྱེད་དགོས་ཟེར།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། དཔལ་འབྱོར་བརྟན་བརླིང་ངང་འཁོར་རྒྱུག་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་ད་དུང་ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གིས་ཇུས་ཐག་བཅད་དེ་བཀོད་སྒྲིག་བྱས་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱས་ནས། ཏང་ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་ལས་འགན་དམིགས་འབེན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས། རིམས་ནད་གནས་བབ་ཛ་དྲག་ཡིན་པའི་ས་ཁུལ་གྱིས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དམ་འཛིན་བྱེད་པ་དང་། ས་ཁུལ་གཞན་པས་སྔོན་འགོག་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་པའི་ཞོར་དུ་བཅོས་སྒྱུར་འཕེལ་རྒྱས་དང་གཏན་འཇགས་ཐད་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པ་དང་། ལྷག་པར་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་ལས་འགན་གཙོ་བོ་དམ་འཛིན་བྱེད་པ་ལས་ལྷོད་གཡེང་བྱེད་པ་དང་སྒུག་ནས་འདུག་པའི་བསམ་བློ་སྐྱེས་མི་རུང་།གཏན་འཇགས་དྲུག་གི་བྱ་བར་དམིགས་ནས། རྙོག་འཛིང་དང་དཀའ་ཁག་གི་གནས་བབ་སྣ་ཚོགས་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་བྱེད་དགོས། གཅིག་ནས་ཁེ་ལས་ཀྱིས་ཐོན་སྐྱེད་སླར་གསོ་དང་ཡང་བསྐྱར་ལས་འགོ་རྩོམ་པར་སྐུལ་འདེད་གཏོང་དགོས། གཉིས་ནས་ལས་གཞི་གལ་ཆེན་ལག་བསྟར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། གསུམ་ནས་སྡོད་དམངས་ཀྱི་འཛད་སྤྱོད་གཏན་འཇགས་སུ་གཏོང་དགོས། བཞི་ནས་རྒྱལ་ཁབ་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།