སུན་ཁྲུན་ལན་གྱིས་ཝུའུ་ཧན་གྱི་རིམས་ནད་འགོག་བཅོས་བྱ་བར་རྟོག་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཚེས་བཅོ་ལྔ་ཉིན་ཀྲུང་དབྱང་གི་ཧུའུ་པེའི་མཛུབ་སྟོན་ཚན་ཆུང་ཁྲིད་དེ་ཝུའུ་ཧན་གྲོང་ཁྱེར་ཐའེ་ཁང་ཐུང་ཅི་སྨན་ཁང་དང་ཝུའུ་ཧན་གྲོང་ཁྱེར་གཟིགས་སྐྱོང་སྨན་ཁང་གཉིས་སུ་སོང་ནས། ནད་པར་སྨན་བཅོས་བྱེད་པའི་གནས་ཚུལ་དང་ཉལ་ཁྲི་གྲ་སྒྲིག་གནས་ཚུལ་ཐད་ནས་ཡུལ་དངོས་ལྟ་ཞིབ་བྱས། ལྟ་ཞིབ་བྱེད་སྐབས་ཁོ་མོས་ནན་གྱིས་བསྟན་དོན། ཐབས་བརྒྱ་ཇུས་སྟོང་གིས་ནད་པར་སྨན་བཅོས་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ནད་པར་དུས་ཐོག་སྨན་བཅོས་བྱེད་ཐུབ་པར་བྱེད་དགོས་ཟེར།

ཐའེ་ཁང་ཐུང་ཅི་སྨན་ཁང་དུ། སུན་ཁྲུན་ལན་གྱིས་ཐའེ་ཁང་ཐུང་ཅི་སྨན་ཁང་གིས་དང་ལེན་བཟང་བོ་དང་མཐོང་ཆེན་བྱས་པར་བསྔགས་བརྗོད་བྱས་པ་དང་། བཀའ་རྒྱ་དང་དུ་ལེན་པ་དང་འགན་འཁྲི་ཕྲག་ཏུ་ལེན་པའི་མི་དམངས་བུ་སྤུན་ལ་བླ་མེད་དད་གུས་དང་བཀའ་དྲིན་ཞུས། ཁོ་མོས་བཤད་རྒྱུར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དངོས་སུ་ཆོག་མཆན་བཀོད་པ་བརྒྱུད་དེ། དམག་དཔུང་གིས་ཡང་བསྐྱར་སྨན་བཅོས་མི་སྣ་སྟོང་གཉིས་དང་དྲུག་བརྒྱ་ཝུའུ་ཧན་དུ་རོགས་སྐྱོར་བྱེད་པར་མངག་པ་དང་། ཝུའུ་ཧན་ཧའོ་ཧྲིན་སྨན་ཁང་གི་འཁོར་རྒྱུག་མ་དཔེ་ལ་དཔེ་བྱས་ནས། ཝུའུ་ཧན་གྲོང་ཁྱེར་ཐའེ་ཁང་ཐུང་ཅི་སྨན་ཁང་དང་ཧུའུ་པེ་བུད་མེད་བྱིས་པའི་བདེ་སྲུང་ཁང་ཀོང་ཀུའུ་ཁུལ་གྱི་ནད་རྟགས་གཏན་ཁེལ་བྱས་པའི་ནད་པར་སྨན་བཅོས་བྱེད་པའི་འགན་ཁུར། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནད་འགག་དུས་སྐབས་སུ། མི་དམངས་བུ་སྤུན་དམག་གཡུལ་འགྱེད་ཀྱི་མདུན་གྲས་སུ་མཆོང་ནས་འགན་འཁྲི་ཆེན་པོ་ཕྲག་ཏུ་བླངས། ཁྱེད་ཚོ་ནི་མེས་རྒྱལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ལྕགས་རི་བརྟན་པོ་ཡིན་ལ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ལྕགས་རི་བརྟན་པོ་ཡང་ཡིན། ཚང་མས་འགན་འགན་ཡིད་ལ་དམ་པོར་འཛིན་པ་དང་སྨན་བཅོས་ལག་རྩལ་འདོན་སྤེལ་བཟང་བོ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་གཡུལ་འགྱེད་དང་སྤྱི་ཁོག་གཡུལ་འགྱེད། འགོག་རྒོལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་དགོས་ཟེར།

ཝུའུ་ཧན་གྲོང་ཁྱེར་གཟིགས་སྐྱོང་སྨན་ཁང་དུ། སུན་ཁྲུན་ལན་གྱིས་ཧུའུ་པེ་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གནས་ཚུལ་ཅུང་ཙམ་ཇེ་བཟང་དུ་སོང་ཡོད་ན་ཡང་། གནས་བབ་སྔར་བཞིན་ཛ་དྲག་ཆེ། མིག་སྔར། ཆེས་དཀོན་པ་ནི་ནད་པའི་ཉལ་ཁྲི་ཡིན་པས། ངེས་པར་དུ་སྟོབས་ཤུགས་ཡོད་རྒུ་དང་ཐབས་བརྒྱ་ཇུས་སྟོང་གིས་ནད་པ་སྣེ་ལེན་དང་སྨན་བཅོས་བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། འགོར་འགྱངས་སྤུ་ཙམ་ཡང་མི་བྱེད་པར་ནད་པ་ཚང་མ་དང་ལེན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།