ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དུས་བཅད་ལྟར་མ་ལེ་ཞི་ཡའི་ཙུང་ལི་མཱ་ཧ་ཏིས་ཨར་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་མ་ལེ་ཞི་ཡའི་ཙུང་ལི་མཱ་ཧ་ཏིས་ཨར་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ལི་ལགས་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་ཡིན་པ་དང་། དེང་སྐབས་ཀྲུང་གོ་མི་དམངས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གནད་འགག་དུས་སྐབས་སུ། ཙུང་ལི་ལགས་ཀྱིས་བདག་ལ་ཁ་པར་གཏོང་བའི་རེ་བ་བཏོན་པ་དེ་ལས་མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོར་བརྩེ་སེམས་བཅངས་པ་དང་རྒྱབ་སྐྱོར་བྱེད་པ་མཚོན་ཡོད། རིམས་ནད་ཀྱིས་གནས་སྐབས་སུ་ཀྲུང་གོ་དང་མ་ལེ་ཞི་ཡ་བར་གྱི་རྒྱུན་ལྡན་འགྲོ་འོང་ལ་ཤུགས་རྐྱེན་ཐེབས་སྲིད་ནའང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ལ་གཡོ་འགུལ་མེད། ཀྲུང་གོ་དང་མ་ལེ་ཞི་ཡ་ཕྱོགས་གཉིས་ཀྱིས་ལག་རྡང་སྦྲེལ་ཏེ་རིམས་ནད་འགྲན་རྩོད་ལ་ཁ་གཏད་འཇལ་དགོས་པ་དང་མཉམ་དུ་རྒྱུན་མཐུད་སྒོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ལྷག་པར་དུ་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་མཉམ་སྐྲུན་གཏིང་ཟབ་ཏུ་སྤེལ་ནས། མཉམ་ལས་ཀྱི་གྲུབ་འབྲས་མང་པོ་གསར་སྐྲུན་བྱེད་པ་དང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཟེར།

མཱ་ཧ་ཏིས་ཨར་གྱིས་བསྟན་དོན། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོས་རིམས་ནད་འགོག་བཅོས་ཐད་ལ་ནུས་ཤུགས་གང་ཡོད་བཏོན་ནས་གྲུབ་འབྲས་མངོན་གསལ་བླངས་པར་གཟེངས་བསྟོད་བྱེད་པ་ཡིན། མ་ལེ་ཞི་ཡ་ནི་ཀྲུང་གོའི་གྲོགས་པོ་བཟང་བོ་ཡིན་པའི་ཆ་ནས་ཀྲུང་གོ་ཕྱོགས་ལ་སྨན་བཅོས་དངོས་རྫས་སྐོར་དང་པོ་འདོན་སྤྲོད་བྱས་པར་མ་ཟད་མུ་མཐུད་དུ་ཀྲུང་གོ་ཕྱོགས་ལ་རོགས་རམ་འདོན་སྤྲོད་བྱེད་འདོད་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་མ་ལེ་ཞི་ཡའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱེད་པར་མ་ཟད། ཀྲུང་གོ་དང་མཉམ་དུ་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།