ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་སྟོན་ཚན་ཁག་ཉེར་བརྒྱད་པས་མཚོ་ཤར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2ཚེས13ཉིན་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་ལྟ་སྐུལ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཧུའུ་ཞའོ་མིན་ཚན་གཙོ་ཡིན་པའི།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གློ་ཚད་རིམས་ནད་འགོག་པའི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་མཛུབ་སྟོན་ཚན་ཆུང་ཉེར་བརྒྱད་པ་དང་། མཉམ་བཅར་མི་སྣ་བཞི་བཅས་ཀྱིས་མཚོ་ཤར་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཆེད་དོན་ལྟ་སྐུལ་མཛུབ་སྟོན་བྱས། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་། གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝང་ལེན་ཧུའུ་བཞུགས་མོལ་ཚོགས་འདུར་ཞུགས། 

མཛུབ་སྟོན་ཚན་ཆུང་གིས་ནན་གྱིས་བསྟན་དོན། མིག་སྔར་དང་མ་འོངས་པར་ མཚོ་ཤར་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་མཚམས་གསར་པ་དང་། གནས་སྟངས་གསར་པ། བླང་བྱ་གསར་པ་བཅས་ནས་རྐང་ཚུགས་པར་བྱས་ཏེ། བག་མེད་ལྷོད་གཡེང་གི་ བསམ་པ་མཐའ་གཅིག་ཏུ་འདོར་བ་དང་། སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་སྔར་ལས་ཇེ་དམ་དུ་གཏོང་བ། མཚོ་སྔོན་དུ་ལོག་མཁན་གྱི་སྔོན་འགོག་ཚོད་འཛིན་དང་དོ་དམ་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ། མཉམ་འགོག་མཉམ་བཅོས་ཀྱི་རྨང་གཞིའི་ལས་དོན་ཇེ་བརྟན་དུ་གཏོང་བ། རིམས་འགོག་དྲིལ་བསྒྲགས་ཀྱི་འགན་འཁྲི་དོན་འཁྱོལ་ཞིབ་ཚགས་བྱེད་པ། འགོག་ཟོན་ནན་མོ་བྱེད་པ་བཅས་ལ་འབད་དགོས། རིམས་འགོག་དངོས་ཟོག་གཅིག་གྱུར་བཀོད་གཏོང་ལ་སྔར་ལས་ཤུགས་སྣོན་བརྒྱབ་ནས། སྤུས་ལེགས་སྨན་བཅོས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། སྨན་བཅོས་དང་རིམས་འགོག སྐྱོབ་བཅོས་བཅས་ཀྱི་དངོས་ཟོག་འགན་ལེན་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། འཕྲོད་བསྟེན་ལྟ་སྐུལ་ཁྲིམས་འཛིན་དཔུང་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་ལས་དོན་ཁྲིམས་སྐྱོང་ལམ་བུའི་ཐོག་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ར་བྱེད་དགོས། དེ་དང་ཆབས་ཅིག་ཏུ། སྔ་སྣུར་སྒོས གྲ་སྒྲིག་བྱས་ཏེ་ཚན་རིག་དང་མཐུན་པའི་འགོག་བཅོས་དང་གནད་འཁེལ་ཇུས་འདོན་གྱི་རྩ་དོན་གཞིར་བཟུང་། རིམ་དབྱེའི་སྒོ་ནས་ཧེ་བག་ཅན་གྱི་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་བཟོ་བ་དང་། རིམས་ནད་སྔོན་འགོག་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྤྱི་འདོམས་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། རིམས་ནད་སྔོན་འགོག་དང་ཐོན་སྐྱེད་སླར་གསོ་གཉིས་ཀར་འཐུས་ཤོར་མི་འགྲོ་བ་དང་གཉིས་ཀར་སྐུལ་འདེད་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།