ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཞིང་ལས་སོན་རྩའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-02-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲི་ལྟར།  ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཞིང་ལས་སོན་རྩའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་དང་གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ་རེད།

《བསམ་འཆར》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱ་རྒྱུ་གཙོ་རྐང་དུ་འཛིན་པ། ཞིང་ལས་སོན་རྩའི་ཐོན་ཁུངས་སྲུང་སྐྱོང་གི་རྨང་གཞིའི་རང་བཞིན་དང་སྤྱི་ཕན་རང་བཞིན་གྱི་ངེས་གནས་དེ་བས་གསལ་པོ་བཟོ་བ། སྲུང་སྐྱོང་སྔོན་ལ་བྱེད་པ་དང་། ཕན་འབྲས་ཆེན་པོས་བེད་སྤྱོད་བྱེད་པ། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། མང་པོས་ཐེ་ཞུགས་བྱེད་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ། སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱེད་པ། འགན་འཁྲི་དོན་འཁྱོལ་དང་། ཚན་རྩལ་གྱི་འདེགས་སྐྱོར། ཁྲིམས་སྐྱོང་འགན་ལེན་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། རིམ་པ་མང་བའི་བསྡུ་རུབ་སྲུང་སྐྱོང་དང་། སྣ་མང་ཅན་གྱི་གསར་སྤེལ་བེད་སྤྱོད། ཐབས་ལམ་མང་བའི་སྲིད་ཇུས་རྒྱབ་སྐྱོར་བཅས་ཀྱི་ཆགས་སྟངས་གསར་པ་ཞིག་གཏོད་པ་བཅས་ཀྱི་ཐོག་ནས་དེང་རབས་ཅན་གྱི་ས་བོན་ལས་རིགས་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བཅས་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་བསྟན་ཡོད་པ་རེད།

《བསམ་འཆར》ནང་2035ལོར་སླེབས་སྐབས་བརྒྱུད་རིམ་ལྡན་ལ་འཐུས་སྒོ་ཚང་བ་དང་། ཚན་རིག་དང་མཐུན་ལ་ནུས་པ་ཆེ་བའི་ཞིང་ལས་སོན་རྩའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་མ་ལག་འཛུགས་པ་དང་། ཐོན་ཁུངས་ཉར་ཚགས་བསྡོམས་འབོར་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ། རྩ་ཆེ་བ་དང་། སྟོངས་ལ་ཉེ་བ། མང་པོ་མེད་པ་བཅས་ཀྱི་ཐོན་ཁུངས་བསྡུ་རུབ་དང་སྲུང་སྐྱོང་ནུས་ལྡན་བྱེད་པ། ཐོན་ཁུངས་གསལ་འབྱེད་གདེང་འཇོག་གཏིང་ཟབ་དང་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་འགྲོ་བ་བཅས་བྱས་ནས་ཐོན་ཁུངས་གསར་གཏོད་དང་བེད་སྤྱོད་བྱེད་ཚད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་བྱེད་དགོས་ཞེས་བཏོན་ཡོད་པ་རེད།

《བསམ་འཆར》ནང་ཞིང་ལས་སོན་རྩའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཕྱོགས་ལྔའི་སྲིད་ཇུས་དང་བྱེད་ཐབས་བཏོན་པ་སྟེ། གཅིག་ནས་བརྒྱུད་རིམ་ལྡན་པའི་ངང་བསྡུ་རུབ་དང་སྲུང་སྐྱོང་བྱས་ཏེ་སྲུང་སྐྱོང་བྱེད་དགོས་པ་ཚང་མར་སྲུང་སྐྱོང་ཐུབ་པར་བྱེད་དགོས་པ་དང་། ཞིང་ལས་སོན་རྩའི་ཐོན་ཁུངས་ཕྱོགས་ཡོངས་ནས་ཡོངས་ཁྱབ་ཞིབ་བཤེར་དང་། བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་བཤེར། མྱུར་སྐྱོབ་རང་བཞིན་གྱི་སྒོ་ནས་བསྡུ་རུབ་བཅས་བྱེད་དགོས་པ། ཞིང་ལས་སོན་རྩའི་ཐོན་ཁུངས་ཀྱི་རྒྱལ་སྤྱིའི་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ལས་སོན་རྩའི་ཐོན་ཁུངས་བདེ་སྒྲོལ་ལམ་སྲོལ་འཛུགས་དགོས་པ། ཞིང་ལས་སོན་རྩའི་ཐོན་ཁུངས་ཀྱི་རིགས་དབྱེ་རིམ་དབྱེའི་སྲུང་སྐྱོང་མིང་ཐོ་འཐུས་སྒོ་ཚང་དུ་བཏང་ནས་ཞིང་ལས་སོན་རྩའི་ཐོན་ཁུངས་དུས་ཡུན་རིང་འབྲིང་དུ་བདེ་འཇགས་དང་ལྡན་པའི་ངང་ཉར་ཚགས་བྱེད་དགོས་པ། གཉིས་ནས་གསལ་འབྱེད་གདེང་འཇོག་ལ་ཤུགས་སྣོན་བརྒྱབ་ནས་བཀོལ་སྤྱོད་བྱེད་ནུས་ཆེ་རུ་གཏོང་དགོས་པ་དང་། ཆེད་ལས་ཅན་དང་རིག་ནུས་ཅན་གྱི་ཐོན་ཁུངས་གསལ་འབྱེད་གདེང་འཇོག་དང་གཞི་གྱིན་སྔོག་འདོན་ལས་སྟེགས་བསྐྲུན་ནས་རྒྱལ་ཡོངས་སུ་སྤྱི་འདོམས་བྱེད་པ་དང་ལས་བགོས་རོགས་ལས་བྱེད་པའི་ཞིང་ལས་སོན་རྩའི་ཐོན་ཁུངས་གསལ་འབྱེད་གདེང་འཇོག་མ་ལག་ཅིག་འཛུགས་དགོས་པ། སོན་རྒྱུ་ལེགས་རིགས་དང་གཞི་གྱིན་ལེགས་རིགས་སྔོག་འདོན་གཏིང་ཟབ་བྱས་ཏེ་སོན་གསོ་གསར་གཏོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པ། གསུམ་ནས་སྲུང་སྐྱོང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྲུང་སྐྱོང་བྱེད་ནུས་ཆེ་རུ་གཏོང་དགོས་པ། རྒྱལ་ཁབ་དང་ཞིང་ཆེན་རིམ་པ་གཉིས་ཀྱིས་དོ་དམ་བྱས་ཏེ་རྒྱལ་ཁབ་ཀྱིས་སྤྱི་འདོམས་བྱེད་པ་དང་། རིམ་པ་ཁག་བགོས་ཀྱིས་འགན་འཁུར་བ། འབྲེལ་མཐུད་དམ་ཟབ་བྱེད་པ་བཅས་ཀྱི་སྲུང་སྐྱོང་ལམ་སྲོལ་ཞིག་འཛུགས་དགོས་པ། ཞིང་ལས་སོན་རྩའི་ཐོན་ཁུངས་ཐོ་འགོད་བྱས་ཏེ་གཅིག་གྱུར་གྱི་ཐོབ་ཐང་ཆ་འཕྲིན་དོ་དམ་བྱེད་དགོས་པ། ད་ཡོད་ཐོན་ཁུངས་བསྡུ་སྒྲིལ་དང་བེད་སྤྱོད་གང་ལེགས་བྱས་ཏེ་རྒྱལ་ཡོངས་སུ་གཅིག་གྱུར་ཡིན་པའི་ཞིང་ལས་སོན་རྩའི་ཐོན་ཁུངས་ཀྱི་གྲངས་གཞི་ཆེ་མོའི་ལས་སྟེགས་ཤིག་འཛུགས་དགོས་པ། བཞི་ནས་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་བཏང་ནས་སོན་རྩའི་ལས་རིགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་པ་དང་། སོན་རྩ་ལེགས་རིགས་ཀྱི་ཐོན་ཁུངས་གསར་བཟོ་དང་བཀོལ་སྤྱོད་བྱ་སྤྱོད་སྒྲིག་འཛུགས་དང་ལག་བསྟར་བྱས་ཏེ་སོན་བཟང་གི་ཚན་ཞིབ་མཉམ་འབྲེལ་འགག་སྒྲོལ་ཆེ་མོར་སྐུལ་འདེད་གཏོང་དགོས་པ། ས་བོན་ལས་རིགས་ཀྱི་ཚན་ཞིབ་ཤེས་ལྡན་མི་སྣ་དང་ཚན་ཞིབ་གྲུབ་འབྲས་ཀྱི་ཁེ་དབང་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྒྱལ་ཁབ་ཀྱི་ཞིང་ལས་སོན་རྩའི་ཐོན་ཁུངས་མཉམ་སྤྱོད་བེད་སྤྱོད་ཉོ་ཚོང་ལས་སྟེགས་སྐྲུན་དགོས་པ། ཁྱད་ཆོས་ལྡན་པའི་ས་གནས་ཀྱི་སོན་རིགས་གསར་སྤེལ་གཙོ་བོར་བཟུང་བའི་ས་བོན་ལས་རིགས་ཁེ་ལས་ཁག་གཅིག་འཕེལ་རྒྱས་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ། ལྔ་ནས་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་སྟེ་རྨང་གཞིའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཞིང་ལས་སོན་རྩའི་ཐོན་ཁུངས་མཛོད(ར་བ་དང་ཁུལ)གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པའི་ས་ཆ་བཀོད་སྒྲིག་ལུགས་མཐུན་བྱས་ནས་བྱ་རིགས་དང་ཕྱུགས་རིགས་ཀྱི་རྒྱུད་རྒྱུའི་ཐོན་ཁུངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བར་ཁུལ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་དགོས་པ། ཞིང་ལས་ཚན་རྩལ་ཤེས་ལྡན་མི་སྣའི་རིགས་དབྱེ་གདེང་འཇོག་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།