ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཡར་ཞུ་བྱས་པར་ཉན་པ་དང་། དེང་སྐབས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། རིམས་ནད་འགོག་བཅོས་ལ་ཤུགས་སྣོན་པའི་བྱ་བར་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་རྗེས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་གོ་གནས་དང་པོར་བཞག་སྟེ། ཡིད་ཆེས་ཆེར་བསྐྱེད་དང་དཀའ་སྡུག་མཉམ་སེལ། ལུགས་མཐུན་འགོག་བཅོས་དང་གནད་འཁེལ་ཇུས་བསྟར་བཅས་ཀྱི་སྤྱིའི་རེ་བ་ལྟར། རིམས་ནད་འགོག་བཅོས་བྱ་བ་ཁྱོན་ཡོངས་ནས་སྤེལ། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་འོག ཀྲུང་དབྱང་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་དུས་ཐོག་ཏུ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་སྲིད་ཇུས་མཐུན་སྦྱོར་དང་དངོས་རྫས་བཀོད་སྒྲིག་ཤུགས་ཚད་ཇེ་ཆེར་བཏང་བ་དང་། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཧུར་ཐག་སྒོས་འགན་འཁྲི་ལག་བསྟར་བྱས་ལ། རྒྱ་ཆེའི་སྨན་བཅོས་མི་སྣས་སྒེར་སེམས་མེད་པར་བྱས་རྗེས་བཞག་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རིམས་ནད་གནས་བབ་ལ་ཉམས་དགའ་བའི་འགྱུར་ལྡོག་བྱུང་བ་དང་རིམས་ནད་འགོག་བཅོས་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ། དེ་ནི་ཐོབ་སླ་མོ་ཞིག་མིན་པ་དང་ཕྱོགས་སོ་སོས་བྱས་རྗེས་ཆེན་པོ་བཞག་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས། རིམས་ནད་འགོག་བཅོས་བྱ་བ་དེ་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས། བློ་ཐག་རྦད་ཆོད་སྒོས་རིམས་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། རིམས་ནད་གནས་ཚུལ་ཚབས་ཆེ་བ་དང་ཡང་ན་ཉེན་ཁ་ཆེ་བའི་ས་ཁུལ་གྱི་རིམས་ནད་འགོག་བཅོས་བྱ་བར་ཤུགས་སྣོན་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལྟར། གནད་ས་འབུར་དུ་ཐོན་པར་བྱེད་པ་དང་གཅིག་གྱུར་སྒོས་འཆར་འགོད་དང་བཀོད་འདོམས་བྱེད་པ། རིགས་བགར་མཛུབ་སྟོན། ས་ཁུལ་བཀར་ནས་སྲིད་ཇུས་ལག་བསྟར་བྱེད་པ། བྱ་བ་སྣ་ཚོགས་དངོས་འབེབས་བྱེད་པར་བསྣན་ནས། རྦད་ཆོད་སྒོས་རིམས་ནད་འགོག་བཅོས་ཀྱི་མི་དམངས་དམག་འཁྲུག་དང་སྤྱིའི་དམག་འཁྲུག འགོག་རྒོལ་དམག་འཁྲུག་ཐད་ནས་རྒྱལ་ཁ་ལེན་པར་མ་ཟད་ཧུར་ཐག་སྒོས་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་དང་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ད་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཧུར་ཐག་སྒོས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཚད་ཆེས་དམའ་རུ་གཏོང་བ་དང་། དཔལ་འབྱོར་བརྟན་བརླིང་སྒོས་འཁོར་སྐྱོད་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡིན་པ་སྲུང་འཛིན་བྱས་ནས། ཧུར་ཐག་སྒོས་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་སྣ་ཚོགས་མངོན་འགྱུར་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། རིམས་ནད་འགོག་བཅོས་བྱ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་གང་ལེགས་སྒོས་བསྒྲུབ་རྒྱུ་ནི་དམག་འཁྲུག་ཆེན་པོ་ཞིག་ཡིན་པ་དང་ཉམས་སད་ཐེག་པའི་བྱ་བ་གལ་ཆེན་ཞིག་ཀྱང་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། དེ་མིན་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་ཁག་ཁུར་བྱེད་པ་དང་ཡུན་རིང་ཉམས་སད་ཐེག་དགོས། འགན་འཁྲི་ཁག་ཁུར་བྱེད་པའི་སྤོབས་པ་ལྡན་དགོས་པ་དང་ཚན་རིག་དང་མཐུན་པར་འགོག་བཅོས་བྱེད་པའི་བློ་གྲོས་ལྡན་དགོས་ལ། གཅིག་གྱུར་སྒོས་འཆར་འགོད་དང་ལྟ་རྟོག་བྱེད་པའི་ཇུས་གཞི་ལྡན་དགོས་པ་དང་རྩ་འཛུགས་ལག་བསྟར་གྱི་ནུས་པ་ལྡན་དགོས། དངོས་འབེབས་བྱ་བ་དམ་འཛིན་བྱས་ཏེ་དམག་འཁྲུག་ཆེན་པོའི་ཁྲོད་དུ་ཐོག་མའི་འགན་འཁྲི་ལག་ལེན་བྱེད་པ་དང་ཡུན་རིང་ཉམས་སད་ཐེག་པའི་ཁྲོད་དུ་གྲུབ་འབྲས་གསར་བ་བླངས་ནས། རིམས་ནད་འགོག་བཅོས་ཀྱི་མི་དམངས་དམག་འཁྲུག་དང་སྤྱིའི་དམག་འཁྲུག འགོག་རྒོལ་དམག་འཁྲུག་ཐད་ནས་རྒྱལ་ཁ་ལེན་པ་འགན་སྲུང་བྱེད་དགོས་པར་མ་ཟད་ཧུར་ཐག་སྒོས་ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།