ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རིམས་ནད་འགོག་བཅོས་བྱ་བ་དམ་འཛིན་བྱེད་པ་དང་མཉམ་དུ་དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་སྒྲིག་བྱ་བར་ཤུགས་བསྣན་ནས། མཁོ་འདོན་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་འབྲེལ་ཡོད་ལས་ཁུངས་ཀྱིས་རིམས་འགོག་དངོས་རྫས་གཙོ་བོ་འགན་སྲུང་དང་གོ་རིམ་ལྡན་པར་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པའི་སྐོར་གྱི་གནས་ཚུལ་ཡར་ཞུ་བྱས་པར་ཉན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱས་ཏེ། ཀྲུང་དབྱང་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱི་རེ་བ་ལྟར། རིམས་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབས་པ་དང་མཉམ་དུ་གོ་རིམ་ལྡན་པའི་སྒོ་ནས་ཁེ་ལས་ཀྱི་ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་བཏང་ཟེར།

ཚོགས་ཐོག་ནས་རེ་བ་བརྒྱད་དོན། གཅིག རིགས་བཀར་ནས་གོ་རིམ་ལྡན་པར་ལས་འགོ་རྩོམ་པ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས། གཉིས། སྨན་བཅོས་འགོག་སྲུང་དངོས་རྫས་གཙོ་བོའི་ཁེ་ལས་ཀྱིས་མྱུར་དུ་ཐོན་སྐྱེད་བྱེད་པར་སྐུལ་འདེད་བཏང་སྟེ་སྒྲིག་ཆས་དང་མི་སྣ། མ་དངུལ། རྒྱུ་ཆ་གཙོ་ཕལ་སོགས་ཀྱི་གནད་དོན་མཐུན་སྦྱོར་སྒོས་ཐག་གཅོད་པ་དང་། མཁོ་འདོན་གནད་ཕིགས་འབྲེལ་མཐུད་དང་གཅིག་གྱུར་བཀོད་སྒྲིག་ལ་ཤུགས་བསྣན་ནས། འཐབ་ཕྱོགས་དང་པོའི་འགོག་བཅོས་དགོས་མཁོར་འགན་སྲུང་བྱེད་དགོས། གསུམ། གོ་རིམ་ལྡན་པའི་སྒོ་ནས་ཞོར་ལས་བ་ཕྱིར་ལས་གནས་སུ་ལོག་པར་རྩ་འཛུགས་བྱེད་དགོས། བཞི། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་རོགས་སྐྱོར་རྐྱེན་སྲོལ་བཙུགས་ཏེ། ཁེ་ལས་དང་ལྷག་པར་དུ་དམངས་གཉེར་དང་ཁེ་ལས་ཆུང་བའི་དཀའ་ཁག་སེལ་རོགས་བྱེད་དགོས། ལྔ། ས་གནས་ཀྱི་ཚོད་མ་དང་འབྲས་སོགས་ཀྱི་འགན་འཁྲི་ལམ་ལུགས་དངོས་འབེབས་བྱེད་དགོས། དྲུག རྡོ་སོལ་དང་གློག སྣུམ། སོལ་རླངས་ཀྱི་འཁོར་སྐྱོད་ལ་འགན་སྲུང་བྱེད་དགོས། བདུན། ལས་གཞི་གཙོ་བོ་སྔ་མོ་ནས་ལས་འགོ་རྩོམ་པ་དང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། བརྒྱད། ལས་ཞུགས་གནད་དོན་ལ་ཡིད་འཇོག་ཆེན་པོ་བྱས་ཏེ་གཞི་ཁྱོན་ཆེན་པོས་མི་སྣ་ཇེ་ཉུང་དུ་འགྲོ་བ་གཏན་འགོག་བྱེད་དགོས་པ་བཅས་རེད།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།