ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཏོག་གསར་གློ་ཚད་ལ“COVID-19”ཞེས་མིང་བཏགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ལིང་ཤིན།འུ་ཆི།   སྤེལ་དུས། : 2020-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས11ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་ཡིས་སུའེ་ཙེར་གྱི་རེ་ནེ་ཝ་ནས་ཏོག་གསར་གློ་ཚད་ལ“COVID-19”ཞེས་མིང་བཏགས་པ་ཁྱབ་བསྒྲགས་བྱས་པ་རེད།

 འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སྤྱི་ཁྱབ་པུའུ་རུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཐན་ཏེ་སའེ་ཡིས“ད་ཆ་ང་ཚོས་ནད་རིགས་འདིར‘COVID-19’ཞེས་མིང་བཏགས་ཡོད། དེ་ནི་2019ལོར་གློ་བུར་དུ་ཐོན་པའི་ཏོག་དབྱིབས་ནད་དུག་གསར་པ་ལས་བྱུང་བའི་རིམས་ནད་ཀྱི་བསྡུས་མིང་ཡིན་ཞེས་ཁྱབ་བསྒྲགས་བྱས།

ཐན་ཏེ་སའེ་ཡིས“འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། འཛམ་གླིང་སྲོག་ཆགས་འཕྲོད་བསྟེན་རྩ་འཛུགས། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་བཅས་ཀྱི་ཐུན་མོང་གི་མཛུབ་ཁྲིད་རྩ་དོན་འོག ང་ཚོས་ངེས་པར་དུ་ས་ཁམས་གནས་ཡུལ་དང་། སྲོག་ཆགས། མི་སྒེར། ཡང་ན་མི་ཚོགས་བཅས་དང་འབྲེལ་བ་མེད་པར་ཀློག་འདོན་བྱེད་སྐབས་སྒྲ་གདངས་ཟོར་ཡངས་ལ་ནད་གཞི་དང་འབྲེལ་བ་ཡོད་པའི་མིང་ཞིག་བཙལ་བ་ཡིན།”ཞེས་གསལ་བཤད་བྱས།

  ཐན་ཏེ་སའེ་ཡིས་ནད་ཡམས་འདིར་མིང་འདོགས་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། དེ་གང་རེད་ཅེ་ན། དེ་ནི་གནད་ལ་མི་འཁེལ་བའམ་ཡང་ན་མིང་ངན་ཅན་དུ་འགྱུར་བའི་མིང་གདགས་སྟངས་ལས་གཡོལ་ཅི་ཐུབ་བྱ་དགོས་པ་མ་ཟད། མ་འོངས་པར་འབྱུང་སྲིད་པའི་ཏོག་དབྱིབས་ནད་དུག་གི་རིམས་ནད་གཞན་དག་ལ་ཚད་ལྡན་གྱི་རྣམ་གཞག་ཅིག་མཁོ་འདོན་བྱེད་ཐུབ་དགོས་པས་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར། )

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།