ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་གི་ཁེ་ལས་མང་པོ་ཞིག་གིས་ཐོན་སྐྱེད་བྱེད་ཤུགས་དང་བྱེད་རྒྱ་ཆེ་རུ་བཏང་ནས་རིམས་འགོག་འཐབ་ས་དང་པོའི་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་སྨན་བཅོས་དངོས་ཟོག་མཁོ་སྤྲོད་འགན་ལེན་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པའི་དངོས་ཟོག་འགན་ལེན་བྱེད་པ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ། མིག་སྔར་ཀྲུང་དབྱང་གི་ཁེ་ལས་མང་པོ་ཞིག་གིས་འབྲེལ་ཡོད་ཐོན་ནུས་སྒྲིག་འཛུགས་བྱས་ཏེ་དངོས་ཟོག་ཐོན་སྐྱེད་བྱེད་ཤུགས་དང་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཐོན་སྒྱུར་གྱུར་བཀོད་ཀྱིས་སྨན་བཅོས་ཁ་རས་དང་འགོག་སྲུང་གྱོན་ཆས་སོགས་ཀྱི་དངོས་ཟོག་ཐོན་སྐྱེད་ཧུར་ཐག་བྱེད་པ་དང་འབྲེལ། ཕྱི་རྒྱལ་ནས་ཉོ་སྒྲུབ་བྱེད་པར་སྤྱི་འདོམས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་གཙོ་གནད་སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་མཁོ་སྤྲོད་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་བཞིན་ཡོད་པ་རེད།

ཀྲུང་གོ་འཕྲུལ་ཆས་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཧེང་ཐེན་ཅ་ཧྭ་འཁལ་འཐག་མིན་པའི་ཚད་ཡོད་ཀུང་སིར་རྒྱལ་སྤྱིའི་སྔོན་ཐོན་གྱི་ལའེ་ཧྥུན་ཐོན་སྐྱེད་སྒྲུབ་རིམ་ལྡན་པ་དང་། ཐོན་རྫས་དེ་སྨན་བཅོས་འགོག་སྲུང་ལེགས་གྲས་ལ་སྤྱད་ཆོག་གི་ཡོད། སྨན་བཅོས་འགོག་སྲུང་མཁོ་ཆས་ཀྱི་མ་བཅོས་རྒྱུ་ཆ་མཁོ་སྤྲོད་ཐུབ་པའི་འགན་ལེན་བྱེད་ཆེད། ཁེ་ལས་ཀྱིས་བཟོ་པ་300ལྷག་ཙམ་ཐོན་སྐྱེད་སྒྲུབ་རིམ་ཧྲིལ་པོར་མགྱོགས་མྱུར་ལས་ཀར་མངགས་ཤིང་། ཟླ་2ཚེས་2ཉིན་བར་འཁེལ་མེད་རས་ཏུན་708.49ཐོན་སྐྱེད་བྱས་པ་དང་། དེའི་ནང་ཁ་རས་ལ་སྤྱོད་པའི་འཚག་རྒྱུ་ཏུན་123.07ཡོད་པ་རེད།

ཤིན་ཤིང་ཅི་ཧྭ་ཚོགས་པས་སྨན་བཅོས་འགོག་སྲུང་གྱོན་ཆས་མཁོ་སྤྲོད་མི་འདང་བའི་གནས་ཚུལ་ཤེས་རྗེས། ཁོངས་གཏོགས་ཀྱི་ཁེ་ལས་མང་པོ་ས་གནས་སྲིད་གཞུང་དང་མགྱོགས་མྱུར་འབྲེལ་མཐུད་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་རང་འགུལ་ངང་རེ་ཞུ་བྱས་ནས་འགོག་སྲུང་གྱོན་ཆས་ཁྲི་བཅུ་ལྷག་ཙམ་ཛ་དྲག་ཐོན་སྐྱེད་བྱེད་མཁན་འགན་ཁུར་བ་རེད།

ཚེས7ཉིན་གཞུང་རྒྱུ་ཨུ་ལྷན་གྱི་ཏང་ཨུད་ཧྲུའུ་ཅི་ཀྲུའུ་རེན་ཧའོ་ཕེང་གིས“བློས་གཏོང་ཚད་མེད་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་གཙོ་གནད་སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས”ཞེས་བརྗོད་པ་དང་། ཁོང་གིས་ཀྲུང་དབྱང་ཁེ་ལས་ཀྱི་ཤུགས་རྐྱེན་ནུས་པ་དང་སྐུལ་ཁྲིད་ནུས་པ་གང་ལེགས་བཏོན་ཏེ་ས་གནས་ཀྱི་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་དབར་མཉམ་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས་གནས་གཏན་འཁེལ་གྱི་རོགས་སྐྱོར་དང་བོགས་གཏོང་གཉེར་སྐྱོང་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད། ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་མཐུན་སྦྱོར་མཉམ་འགུལ་ལ་སྐུལ་འདེད་བཏང་སྟེ་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་སྨན་བཅོས་དངོས་ཟོག་མཁོ་སྤྲོད་འགན་ལེན་གྱི་འཇོན་ཐང་ཆེ་རུ་གཏོང་དགོས་ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།