ཀྲུང་གོ་བོད་ཀྱི་དྲ་བ།

​ལིས་ཁི་ཆང་གིས་འཇར་མན་གྱི་ཙུང་ལི་མོ་ཁིར་ལ་ཁ་པར་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ2པའི་ཚེས9ཉིན་གྱི་དགོང་མོར་དུས་ཆད་ལྟར་འཇར་མན་གྱི་ཙུང་ལི་མོ་ཁིར་ལ་ཁ་པར་ཐོག་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བའི་ཐད་བསམ་འཆར་བརྗེ་རེས་གནང་བ་རེད།

  ལིས་ཁི་ཆང་གིས་མིག་སྔར་ཀྲུང་གོ་སྲིད་གཞུང་གིས་ཁྲིམས་ལྟར་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཀྱི་བྱ་བ་སྤེལ་བཞིན་པའི་སྒང་ཡིན་ལ། ནུས་ཤུགས་ཡོད་རྒུས་ནད་པར་སྐྱོབ་བཅོས་བྱས་ཏེ་སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་གཙོ་བོ་དང་འཚོ་བའི་མཁོ་ཆས་མཁོ་འདོན་གང་ལེགས་བྱེད་པར་ཁག་ཐེག་བྱེད་བཞིན་ཡོད། ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་དེ་ཨང་དང་པོར་བཞག་པ་ཡིན། ཀྲུང་གོ་ཕྱོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ཡོངས་བསྒྲགས་ཁ་གསལ་དང་ཚད་མཐོའི་འགན་འཁུར་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་དུས་ཐོག་ཏུ་ཆ་འཕྲིན་ཡོངས་བསྒྲགས་བྱེད་བཞིན་ཡོད། ང་ཚོས་སྤྱད་པའི་བྱེད་ཐབས་དེ《རྒྱལ་སྤྱིའི་འཕྲོད་བསྟེན་སྲོལ་ཡིག》གི་བླང་བྱ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བསམ་འཆར་ལས་རིང་དུ་བརྒལ་ཡོད། རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་པའི་ཀྲུང་གོའི་སྨན་བཅོས་མི་སྣས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་། ལས་རིགས་ཀྱི་སྤྱོད་ལམ། འགན་འཁྲི་འཁུར་སེམས་བཅས་མངོན་པར་མཚོན་ཡོད་པས་ང་ཚོས་ཁོང་ཚོའི་ལུས་སེམས་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་ངེས་ཡིན། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་རིམས་ནད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་ནུས་པ་ཡོད་ཅེས་བསྟན།

 ལིས་ཁི་ཆང་གིས་འཇར་མན་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོན་དངོས་དང་བསྟུན་ནས་ཀྲུང་གོ་ཕྱོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་པ། ཕྱོགས་གཉིས་པོའི་རྒྱུན་གཏན་འགྲོ་འོང་རྒྱུན་འཁྱོངས་བྱེད་པ། རྒྱལ་སྤྱིའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་རེ་བ་ཡོད་པ་དང་། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་ཚོང་ལས་ཐབས་ལམ་བརྒྱུད་དེ་འཇར་མན་ནས་སྨན་བཅོས་དངོས་ཟོག་ཉོ་སྒྲུབ་བྱེད་པར་དགོས་ངེས་ཀྱི་སྟབས་བདེ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

མོ་ཁིར་གྱིས་འཇར་མན་ཕྱོགས་ཀྱིས་མིག་སྔའི་རིམས་ནད་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། ཀྲུང་གོ་སྲིད་གཞུང་གིས་འཕྲལ་ཐག་ཆོད་པའི་བྱེད་ཐབས་སྤྱད་པ་དང་ཀྲུང་གོ་མི་དམངས་ཀྱི་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཡོད། འཇར་མན་ཕྱོགས་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་གཟབ་ནན་གྱི་ལངས་ཕྱོགས་བཟུང་བ་དང་འབྲེལ་ཡོ་རོབ་མནའ་འབྲེལ་ནང་ཁུལ་དུ་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཚོད་འཛིན་བྱེད་ཐབས་ཚད་ལས་བརྒལ་བ་སྤྱད་མེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་ཡོད་པའི་ཕྱིར་སྡོད་རང་མིར་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མུ་མཐུད་དུ་ཀྲུང་གོ་ཕྱོགས་ལ་སྨན་བཅོས་དངོས་ཟོག་གི་རོགས་སྐྱོར་བྱས་ནས་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་བར་ནུས་པ་ཡོད་རྒུས་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས་པ་རེད། དེ་མིན་ཀྲུང་གོའི་སྨན་བཅོས་མི་སྣར་གུས་འདུད་དང་སྨོན་འདུན་ཞུས་པ་རེད།

ཝང་དབྱི་གོང་གསལ་གྱི་བྱ་འགུལ་ནང་ཞུགས། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།