ཀྲུང་གོ་བོད་ཀྱི་དྲ་བ།

ནོར་སྲིད་པུས་རིམ་པ་སོ་སོའི་ནོར་སྲིད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར718.5བཀོད་སྒྲིག་བྱས་ཡོད་པར་བསྟན།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས9ཉིན་ནོར་སྲིད་པུའུ་དང་། འཕེལ་སྒྱུར་བཅོས་སྒྱུར་ཨུ་ལྷན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། མི་དམངས་དངུལ་ཁང་། རྩིས་བཤེར་ཧྲུའུ་བཅས་ཀྱིས་མཉམ་དུ་རྒྱལ་ཡོངས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཤུགས་སྣོན་རྒྱག་བཞིན་པའི་གཙོ་གནད་འགན་ལེན་ཁེ་ལས་ལ་མ་དངུལ་གྱི་རྒྱབ་སྐྱོར་བྱེད་པའི་ལས་དོན་ལ་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད། ནོར་སྲིད་པུའུ་ཡི་པུའུ་ཀྲང་ལིའུ་ཁུན་གྱིས་ཚོགས་འདུའི་ཐོག་རིམས་ནད་བྱུང་ཚུན་དུ་ནོར་སྲིད་པུའུ་ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་མ་དངུལ་གཏོང་ཐུགས་ཆེ་རུ་བཏང་ཡོད་པ་དང་། ཟླ2བའི་ཚེས8ཉིན་གྱི་ཕྱི་དྲོའི་ཆུ་ཚོད6པའི་བར་དུ་རིམ་པ་སོ་སོའི་ནོར་སྲིད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར718.5བཀོད་སྒྲིག་བྱས་པ་དང་དོན་དངོས་ཐོག་སྒོར་དུང་ཕྱུར315.5བཏང་ཟིན་ཞེས་བཤད་པ་རེད།

“ནོར་སྲིད་སྡེ་ཁག་གིས་རིམས་ནད་འཕེལ་ཕྱོགས་དང་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་གཞིགས་ནས་འགྲོ་གྲོན་འགན་ལེན་བྱ་བ་མུ་མཐུད་དུ་ཡག་པོ་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱིས་འགྲོ་གྲོན་གྱི་གནད་དོན་ལ་སེམས་ཁྲལ་བྱེད་མི་དགོས་པར་སྨན་བཅོས་བྱེད་ཕོད་པ་དང་། ས་གནས་ཁག་གིས་མ་དངུལ་གྱི་དབང་གིས་སྨན་བཅོས་སྲོག་སྐྱོབ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་རྐྱེན་ཐེབས་སུ་མི་འཇུག་པར་ཁག་ཐེག་བྱེད་དགོས། ལིའུ་ཁུན་གྱིས་ཀྲུང་དབྱང་ནོར་སྲིད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་གཞིགས་ནས་འབྲེལ་ཡོད་ནོར་ཁྲལ་གྱི་རྒྱབ་སྐྱོར་སྲིད་ཇུས་མུ་མཐུད་དུ་འདོན་རྒྱུ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་ཡིན་པ་དང་། ས་གནས་ནོར་སྲིད་སྡེ་ཁག་གིས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཁོང་དུ་ཆུད་པ་དང་། འབྲེལ་མཐུད་ཧུར་ཐག་དང་། རང་འགུལ་ངང་ཞབས་ཞུ་བཅས་བྱས་ཏེ་ནོར་ཁྲལ་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་སྲིད་ཇུས་ཀྱི་ནུས་པ་སྔར་ལས་ཆེ་བ་དང་ཕན་འབྲས་སྔར་ལས་ལེགས་པོ་ལེན་དགོས་ཞེས་བཤད། 

ཁོང་གིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་བྱ་བ་ཡག་པོ་བསྒྲུབ་རྒྱུ་ནི་རིམས་ནད་ཚབས་ཆེན་ལ་ཁ་གཏད་ནུས་ལྡན་བྱེད་པའི་ཁག་ཐེག་ཡིན་པ་རེད། “རྫོང་རིམ་པ་གཙོ་བོར་བྱེད་པ་དང་ཞིང་ཆེན་རིམ་པས་མཐའ་སྐྱོང་བྱེད་པའི”རྩ་དོན་དོན་འཁྱོལ་ཡག་པོ་བྱ་རྒྱུ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་སྡེ་ཁག་གིས་ས་གནས་ཁག་གི་གནས་ཚུལ་ལ་ལྟ་སྐུལ་ཚོད་འཛིན་ནན་པོ་བྱས་ཏེ། “ཁག་ཐེག་གསུམ”གྱི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱ་རྒྱུ་དང་། “ཁག་ཐེག་གསུམ”འགན་སྲུང་བྱེད་ཐབས་བྲལ་བའི་གནས་ཚུལ་མི་ཐོན་པ་བཅས་བྱེད་དགོས་ཞེས་བསྟན།

“སྤྱི་ཡོངས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྤྱོད་སྐབས། ས་ཁུལ་དེ་ག་དང་ཁྱབ་ཁོངས་དེ་གའི་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་བསམ་བློ་གཏོང་དགོས་པ་མ་ཟད། གཙོ་གནད་ས་ཁུལ་དང་རྒྱལ་ཡོངས་སུ་སྔོན་འགོག་ཚོད་འཛིན་གྱི་ཤུགས་རྐྱེན་ལའང་བསམ་བློ་གཏོང་དགོས། ལིའུ་ཁུན་གྱིས་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་རྙོག་འཛིང་དང་དཀའ་ངལ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་གང་ལེགས་བྱས་ཏེ། ཁེ་ལས་ཀྱིས་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་། རིམས་འགོག་འགན་སྲུང་ཁེ་ལས་དང་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་ལས་རིགས་དང་ཁེ་ལས་ལ་ནོར་ཁྲལ་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།