ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་འགོག་བཅོས་ཐད་ལ་མཛུབ་སྟོན་དང་ལྟ་སྐུལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྟུད་མུར་ཉིན་འགའི་རིང་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱིས་ཁྲིམས་ལྟར་ནུས་ལྡན་བྱེད་ཐབས་སྤྱད་པ་དང་རིགས་བཞིའི་མི་སྣའི་རིགས་བགར་གཅིག་སྡུད་དོ་དམ་བྱེད་ཐབས་དངོས་འབེབས་བྱས་ནས། བསྡུ་དགོས་པ་ཅིས་ཀྱང་བསྡུ་ལེན་བྱས་པ་དང་མི་གཅིག་ཀྱང་མི་སྐྱུར་བའི་བྱ་བ་བཟང་བོར་སྒྲུབ་པར་མཛུབ་སྟོན་དང་ལྟ་སྐུལ་བྱས།

ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་འཕྲོ་རིམ་འཕྲོར་རྒྱལ་ཡོངས་ནས་ཕུལ་བྱུང་སྨན་བཅོས་མི་སྣ་ཁྲི་གཅིག་དང་སྟོང་གཅིག་ལྷག་རྩ་འཛུགས་བྱས་ཏེ་ཝུའུ་ཧན་གྱི་རིམས་ནད་འགོག་བཅོས་ཐད་ལ་རོགས་སྐྱོར་བྱས་པ་དང་། ཕྱོགས་སོ་སོའི་སྨན་བཅོས་ཐོན་ཁུངས་དང་སྨན་རྫས་གཅིག་གྱུར་སྒོས་བཀོད་སྒྲིག་དང་བཀོལ་སྤྱོད་བྱས་ནས་ཚད་མཐོན་པོའི་སྒོ་ནས་རྒུད་སྐྱོབ་ནུས་ཚད་མཐོར་འདེགས་སུ་བཏང་། ཝུའུ་ཧན་གྱི་ཞེ་ཧི་དང་ཐུང་ཅི། མི་དམངས་སོགས་གཏན་འཁེལ་བྱས་པའི་སྨན་ཁང་གསུམ་སྒྱུར་བཀོད་དང་རྒྱ་ཇེ་ཆེར་བཏང་ནས་ཁྱད་སྟོབས་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་ནད་པ་ལྗིད་མོ་མྱུར་སྐྱོབ་བྱས།

ཚེས་བརྒྱད་ཉིན། མཛུབ་སྟོན་ཚན་ཁག་གིས་ཝུའུ་ཧན་ལོས་ཧྲིན་ཧྲན་སྨན་ཁང་དང་ཝུའུ་ཧན་གྲོང་ཁྱེར་ལས་རིགས་སློབ་གླིང་། ཝུའུ་ཧན་མཉེན་ཆས་བཟོ་སྐྲུན་ལས་རིགས་སློབ་གླིང་བཅས་སུ་གཅིག་བསྡུས་ལོགས་བགར་བྱེད་ས་སྒྱུར་བཀོད་བྱེད་པའི་གནས་ཚུལ་ལ་ལྟ་ཞིབ་བྱས། སུན་ཁྲུན་ལན་གྱིས་བསྟན་དོན། ནད་པ་བསྡུ་ལེན་དང་སྨན་བཅོས་བྱ་བ་གང་ལེགས་སྒོས་བསྒྲུབ་དགོས་པ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ནད་པ་མྱུར་སྐྱོབ་བྱེད་དགོས། ནད་པ་བསྡུ་ལེན་བྱེད་ན་ཐོག་མར་ནད་ཁྲིར་འགན་སྲུང་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།