ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་ཆད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བདུན་ཉིན་གྱི་སྔ་དྲོར་དུས་ཆད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་བཏང་། ཞི་ཅིན་ཕིང་གིས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ཚུན་ལ་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ནུས་ཤུགས་གང་ཡོད་བཏོན་ནས་རིམས་ནད་སྔོན་འགོག་བྱས་པ་དང་། ང་ཚོས་རྒྱལ་ཡོངས་ལ་སྐུལ་སློང་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་པ།  གནས་ཚུལ་མགྱོགས་པོར་ཤེས་པ། འཐུས་སྒོ་ཆ་ཚང་བ། སྒྲུབ་སྟངས་གཟབ་ནན་ཡིན་པ་བཅས་ཀྱི་འགོག་སྲུང་བྱེད་ཐབས་སྤྱད་དེ། རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་མི་དམངས་ཀྱི་འཐབ་འཁྲུག་ཐེངས་ཤིག་རྒྱག་འགོ་བརྩམས། འབྲེལ་ཡོད་ཀྱི་བྱ་བའི་ཕྱོགས་ནས་རིམ་པ་བཞིན་དུ་གྲུབ་འབྲས་ལེན་བཞིན་ཡོད་ལ། ང་ཚོ་ཐེངས་འདིའི་རིམས་ནད་ཀྱི་འཐབ་འཛིང་ལས་རྣམ་པར་རྒྱལ་བར་ནུས་པ་དང་ཡིད་ཆེས་ཀྱིས་ཁེངས་ཡོད། དེ་བཞིན་དུ་ཀྲུང་གོའི་དཔལ་འབྱོར་ཡུན་རིང་བོར་བཟང་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བའི་གནས་བབ་ལ་འགྱུར་ལྡོག་འབྱུང་མི་སྲིད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་བྱེད་བཞིན་ཡོད་པར་མ་ཟད། འཛམ་གླིང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་སེམས་བདེ་ཐང་ལའང་སྲུང་སྐྱོང་བྱེད་བཞིན་ཡོད། ང་ཚོས་ཡོངས་བསྒྲགས་དང་མངོན་གསལ། འགན་འཁུར་བའི་རྣམ་འགྱུར་བཅངས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཨ་མེ་རི་ཁ་དང་བཅས་པའི་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་དག་ལ་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་གནས་ཚུལ་དུས་ལྟར་ཕྱིར་བསྒྲགས་བྱེད་རྒྱུ་ཡིན་པར་མ་ཟད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་འབྲེལ་ཡོད་ཀྱི་ཆེད་མཁས་པ་ཝུའུ་ཧན་དུ་དངོས་སུ་རྟོག་ཞིབ་བྱེད་དུ་ཡོང་བར་གདན་ཞུ་བྱེད་རྒྱུ་ཡིན། ཀྲུང་གོ་ནི་ཐེངས་འདིའི་རིམས་ནད་འགོག་སྲུང་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོ་ཡིན་པས། ང་ཚོས་དུས་ལྟར་བྱེད་ཐབས་ནུས་ལྡན་སྤྱད་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་ཁབ་མང་པོས་ཁས་ལེན་གང་ལེགས་དང་གདེང་འཇོག་ཚད་མཐོན་པོ་ཐོབ་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁས་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ནས་ཕན་ཚུན་བར་གྱི་མཐུན་སྦྱོར་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་དང་། སྐུ་ཞབས་ཙུང་ཐུང་ལགས་ཀྱིས་ཐེངས་མང་པོར་ཀྲུང་གོའི་ཕྱོགས་ཀྱི་རིམས་ནད་འགོག་སྲུང་ཚོད་འཛིན་བྱ་བར་གདེང་འཇོག་བྱས་པར་བདག་གིས་བསྟོད་བསྔགས་བྱེད་བཞིན་ཡོད་ལ། ཨ་མེ་རི་ཁའི་སྤྱི་ཚོགས་ལས་རིགས་སོ་སོས་དངོས་རྫས་ཀྱི་ཞལ་འདེབས་རོགས་སྐྱོར་གནང་བར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་འགོག་རྒོལ་བྱེད་པར་ནུས་ཤུགས་གང་ཡོད་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། རིམས་ནད་ཕྱོགས་ཀྱི་ཆེད་མཁས་པ་ཀྲུང་གོར་མངགས་འདོད་ཡོད་པར་མ་ཟད། བྱེད་ཐབས་སྣ་ཚོགས་བརྒྱུད་དེ་ཀྲུང་གོའི་ཕྱོགས་ལ་རོགས་སྐྱོར་བྱེད་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཏུ་ཀྲུང་གོ་མི་དམངས་ཐེངས་འདིའི་རིམས་ནད་འགོག་རྒོལ་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།