ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པའི་སྐོར་གྱི་བཀོད་སྒྲིག་དང་རེ་བ་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྣེ་ཁྲིད་བྱས་ནས་དཔལ་ཡོན་བྱང་ཚད་དང་རང་ཉིད་སྲུང་སྐྱོབ་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་ངར་ཤུགས་ཆེ་རུ་བསྐྱེད་ཆེད། ཉེ་ལམ། ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གིས་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པའི་ཁྲོད་དུ་དམིགས་ཡུལ་ཡོད་པའི་སྒོ་ནས་བསམ་བློ་དཔལ་ཡོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བརྡ་ཐོ་བཏང་།
བརྡ་ཐོ་ལས་བསྟན་དོན། སྨྱན་བྱད་ཀྱི་སྤྱི་ཕན་དྲིལ་སྒྲོག་སོགས་ཀྱི་རྣམ་པར་བརྟེན་ནས་མི་རྣམས་ཀྱི་རང་ཉིད་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་དང་ནུས་པ་ཇེ་ཆེར་གཏོང་བ་དང་། བདེ་ཐང་འདུ་ཤེས་དང་འགོས་ནད་སྔོན་འགོག་ཚོད་འཛིན་ཤེས་བྱར་རྒྱུས་ལོན་བྱེད་པར་ཤུགས་སྣོན་དགོས། མི་རྣམས་ལ་སློབ་གསོ་བཏང་སྟེ་བདེ་ཐང་འཚོ་བའི་རྣམ་པ་ཆགས་པར་བྱེད་པ་དང་། རང་བྱུང་ལ་བརྩི་འཇོག་དང་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ཟེར།
བརྡ་ཐོའི་ནང་རིམ་པ་སོ་སོའི་དཔལ་ཡོན་གཞུང་སྒྲུབ་ཁང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས་ལ། རིམས་ནད་འགོག་བཅོས་བྱ་བ་དེ་དེང་སྐབས་ཀྱི་ཆེས་གལ་ཆེ་བའི་བྱ་བར་བརྩིས་ནས་དམ་འཛིན་བྱེད་པ་དང་། བྱ་བའི་ལས་འགན་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། ཧུར་ཐག་སྒོས་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པར་སྟོབས་ཤུགས་གཅིག་སྡུད་ཀྱི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན། །