ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་ལ་ཁ་པར་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།    ཚེས6ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་ལ་ཁ་པར་བཏང་། 

 ཞི་ཅིན་ཕིང་གིས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་གནད་འགག་གི་སྐབས་འདིར། རྒྱལ་པོ་མཆོག་དང་སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུའི་རྣམ་འགྱུར་ཐེངས་མང་བསྟན་པ་དེའི་ཐོག་ནས་ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་པོའི་ཟོལ་མེད་ཀྱི་མཛའ་གྲོགས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོན་པོར་སླེབས་ཡོད་པ་མཚོན་ལ། ངས་དེའི་ཐད་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་ཕན་ཚུན་བར་ལྟེ་བའི་ཁེ་ཕན་དང་གནད་དོན་ཆེན་པོར་དོ་ཁུར་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བར་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་རིམས་ནད་བྱུང་བའི་ཚུན་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ནུས་ཤུགས་ཡོད་རྒུ་བཏོན་ནས་རིམས་ནད་ལ་ཁ་གཏད་གཅོད་ཆེད་ཆེས་མཐིལ་ཕྱིན་པ་དང་ཆེས་ནན་ཤོས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཁྲུག་བརྒྱབ་པ་ཡིན། མིག་སྔར་ང་ཚོའི་སྔོན་འགོག་ཚོད་འཛིན་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་བཞིན་ཡོད།  ཀྲུང་གོར་སྐུལ་སློང་གི་ནུས་པ་ཆེན་པོ་ལྡན་པ་དང་། སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པའི་ཡིད་ཆེས་དང་ནུས་པ་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་སྤྱད་པའི་བྱེད་ཐབས་ནུས་ལྡན་དེས་ཀྲུང་གོའི་མི་དམངས་ཀྱི་བདེ་ཐང་ལ་འགན་འཁུར་བ་མ་ཟད། འཛམ་གླིང་གི་སྤྱི་པའི་བདེ་འཇགས་ལའང་བྱས་རྗེས་ཆེན་པོ་ཕུལ་ཡོད། རེ་བ་ཡིན་ན་རྒྱལ་ཁབ་སོ་སོས་དུས་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཡུལ་སྐོར་དང་འཕྲོད་བསྟེན་སྐོར་གྱི་མཛུབ་སྟོན་བསམ་འཆར་ལ་རྒྱུས་ལོན་དང་བརྩི་སྲུང་བྱེད་དགོས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་ཡོད་པའི་སོ་ཏི་ཨ་རབ་པ་སོགས་ཕྱི་རྒྱལ་གྱི་སྤྱི་དམངས་ཡོངས་ཀྱི་བདེ་ཐང་དང་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མུ་མཐུད་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ་ཁོང་ཚོའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལ་ཁག་ཐེག་གང་ལེགས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་གྱི་རྣམ་འགྱུར་ཐོག་ནས་སོ་ཏི་ཨ་རབ་ཚུད་པའི་རྒྱལ་ཁབ་ཁག་དང་མཉམ་དུ་རིམས་ནད་ལ་ཁ་གཏད་ནུས་ལྡན་སྤྱད་དེ་འཛམ་གླིང་དང་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་ནན་གྱིས་བསྟན།

ས་ལེ་མན་གྱིས་སོ་ཏི་ཨ་རབ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་དང་རིམས་ནད་ལས་བྱུང་བའི་གྱོང་གུན་ལ་མཛའ་བརྩེ་ལྡན་པའི་ངང་ཀྲུང་གོའི་མི་དམངས་ལ་འཚམས་འདྲི་ཞུས་པ་རེད། ས་ལེ་མན་གྱིས་སོ་ཏི་ཨ་རབ་ཕྱོགས་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་ཀྲུང་གོ་སྲིད་གཞུང་གིས་བྱེད་ཐབས་ནུས་ལྡན་སྤྱད་པར་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་ལ་ཀྲུང་གོར་རིམས་ནད་འགོག་རྒོལ་གྱི་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཀྱང་ཡོད་ཅེས་བརྗོད་པ་རེད།  སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་ཀྲུང་གོ་ཕྱོགས་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ལངས་རྒྱུ་ཡིན་ལ། མིག་སྔར་ཀྲུང་གོར་དཀའ་ངལ་འཕྲད་པའི་སྐབས་སུ་སོ་ཏི་ཨ་རབ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་རིམས་ནད་ལ་འགོག་རྒོལ་བྱེད་པར་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས་པ་རེད། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།