ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་སྨན་བཅོས་དངོས་ཟོག་དང་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲེལ་ཡོད་ལས་རིགས་དང་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་ནོར་ཁྲལ་དངུལ་རྩའི་སྲིད་ཇུས་གཏན་འཁེལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱིས་ལྟ་སྐུལ་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་ས་གནས་ཁོངས་གཏོགས་ཀྱི་འགན་འཁྲི་ནན་མོ་དང་། ནུས་ཤུགས་ཡོད་རྒུས་སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དངོས་ཟོག་དང་འཚོ་བའི་མཁོ་ཆས་མཁོ་འདོན་ལ་ཁག་ཐེག་བྱ་རྒྱུའི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ཀྱི་ཁེ་ཕན་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཡོངས་ལ་དམིགས་ནས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་། འགན་འཁྲི་འཁུར་ཕོད་པ། ཕྱར་བ་གྲུ་འདེགས་བཅས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས།

 ཚོགས་འདུའི་ཐོག་དེ་སྔོན་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམིགས་ནས་ཕྱོགས་སོ་སོ་ནས་བྱེད་ཐབས་གང་མང་བཏོན་པའི་རྨང་གཞི་ཐོག་མཁོ་སྤྲོད་འགན་ལེན་ལ་རྒྱབ་སྐྱོར་བྱེད་ཆེད་ནོར་ཁྲལ་དངུལ་རྩའི་སྲིད་ཇུས་ཁག་གཅིག་བཏོན་ཡོད་པ་དང་། ཟླ1པོའི་ཚེས1ཉིན་ནས་བཟུང་གནས་སྐབས་སུ་གཤམ་གསལ་གྱི་བྱེད་ཐབས་སྤྱོད་དགོས་ཏེ། གཙོ་གནད་དངོས་ཟོག་ཐོན་སྐྱེད་བྱེད་པའི་ཁེ་ལས་ཀྱིས་ཐོན་ནུས་ཇེ་ཆེར་གཏོང་ཆེད་ཉོ་སྒྲུབ་སྒྲིག་ཆས་མང་དུ་གཏོང་བར་དཔྱ་ཁྲལ་མ་འཇལ་གོང་ཐེངས་གཅིག་ལ་འཕྲི་འཐེན་བྱེད་ཆོག་པ་དང་། དུས་སྐབས་དེའི་གནས་ཐང་འཕར་ཁྲལ་གྱི་འཕར་ཚད་ཁྲལ་གྲངས་ཚང་མ་ཕྱིར་སློག་བྱ་རྒྱུ་དང་། གཙོ་གནད་དངོས་ཟོག་དབོར་འདྲེན་དང་། སྤྱི་པའི་འགྲིམ་འགྲུལ་དང་། འཚོ་བའི་ཞབས་ཞུ། སྦྲག་སྲིད་མྱུར་སྐྱེལ་ཡོང་འབབ་བཅས་ལ་གནས་ཐང་འཕར་ཁྲལ་མེད་པར་གཏོང་རྒྱུ། འབྲེལ་ཡོད་རིམས་འགོག་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་ཐོ་འགོད་གྲོན་དངུལ་མེད་པར་གཏོང་རྒྱུ་དང་། སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེར་གཏོང་རྒྱུ། དམངས་སྤྱོད་མཁའ་འགྲུལ་ཁེ་ལས་ཀྱིས་འཇལ་དགོས་པའི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཐེབས་རྩ་མེད་པར་གཏོང་རྒྱུ་བཅས་རེད། 

 ཚོགས་འདུའི་ཐོག་ཆེད་དོན་དངུལ་བུན་བསྐྱར་གཏོང་གི་སྲིད་ཇུས་ཡག་པོ་སྤྱད་དེ་དངུལ་ཁང་གིས་གཙོ་གནད་སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་དང་འཚོ་བའི་མཁོ་ཆས་ཐོན་སྐྱེད་དང་། སྐྱེལ་འདྲེན། ཕྱིར་ཚོང་བཅས་ཀྱི་གཙོ་གནད་ཁེ་ལས་ནང་ཆེས་ཆུང་བའི་ཁེ་ལས་ཚུད་པའི་ཁེ་ལས་ལ་གཟིགས་སྐྱོང་དངུལ་བུན་གཏོང་རྒྱུ་དང་། ནོར་སྲིད་ཀྱིས་སླར་ཡང་སྐྱེད་ཀ་ཕྱེད་ཀ་སྤྲད་དེ་ཁེ་ལས་ཀྱི་དངུལ་བུན་གྱི་སྐྱེད་ཀ1.6%ལས་དམའ་བར་གཏོང་རྒྱུའི་འགན་ལེན་བྱེད་དགོས་པར་གཏན་འབེབས་བྱས་པ་རེད། ཚོགས་འདུའི་ཐོག་སྤྱི་ཁོག་སྲིད་ཇུས་ཀྱི་རྒྱབ་སྐྱོར་གནད་ལ་འཁེལ་བར་བྱེད་དགོས་པ་དང་། ནོར་སྲིད་དང་རྩིས་བཤེར་སྡེ་ཚན་གྱིས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་མ་དངུལ་སྤྱོད་མཁོ་ཆེ་སར་སྤྱོད་རྒྱུ་འགན་ལེན་བྱེད་པ་དང་། གོ་སྐབས་འདི་དང་བསྟུན་ནས་ནོར་སྲིད་དང་ཡིད་རྟོན་དངུལ་བུན་གཡོ་ལེན་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་ནན་མོ་གཅོད་པ་ལས་གུ་ཡངས་གཏོང་མི་རུང་ཞེས་ནན་གྱིས་བསྟན་པ་རེད། །(མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་བསྒྱུར་བྱས།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།