ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁམ་ཕུ་ཀྲེ་ཡི་དབུ་བཞུགས་བློན་ཆེན་ཧུང་སིན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200206081240utUm.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁམ་ཕུ་ཀྲེ་ཡི་དབུ་བཞུགས་བློན་ཆེན་ཧུང་སིན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁམ་ཕུ་ཀྲེ་ཡི་དབུ་བཞུགས་བློན་ཆེན་ཧུང་སིན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་སྟོབས་ཤུགས་ཡོད་རྒུས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་འགོག་རྒོལ་བྱེད་བཞིན་ཡོད། སྡུག་དུས་བརྩེ་བ་ཚོར་ཟེར་བ་བཞིན་དམིགས་བསལ་གྱི་སྐབས་འདིར། ཁམ་ཕུ་ཀྲེ་ཡི་མི་དམངས་ང་ཚོ་དང་མཉམ་དུ་ལངས་ཡོད། རྒྱལ་བོ་ཞི་ཧ་མོ་ཉི་དང་རྒྱལ་ཡུམ་མོ་ཉི་ལེ་གཉིས་ཀྱིས་ཆེད་དུ་ང་ཚོར་འཚམས་འདྲི་དང་རྒྱབ་སྐྱོར་བྱས་ལ། སྐུ་ཞབས་དབུ་བཞུགས་བློན་ཆེན་གྱིས་དེ་ལས་ཀྱང་ཀྲུང་གོར་རྒྱབ་སྐྱོར་ཐེངས་མང་བྱས་པར་མ་ཟད། དེ་རིང་ཡང་ཆེད་དུ་ཀྲུང་གོར་འཚམས་འདྲིར་ཡོང་བ་འདིས་ཀྲུང་གོ་དང་ཁམ་ཕུ་ཀྲེ་གཉིས་ཀྱི་མཛའ་བརྩེ་དང་ཡིད་ཆེས་བརྟན་པོ་མཚོན་ཡོད་ལ། དཀའ་སྡུག་མཉམ་མྱོང་བྱེད་པའི་ཀྲུང་གོ་དང་ཁམ་ཕུ་ཀྲི་ཡི་ལས་དབང་གཅིག་མཐུན་ཚོགས་པའི་དོན་སྙིང་གཙོ་བོར་འགྲེལ་བཤད་བྱས་ཡོད། ཀྲུང་གོས་དེར་གཟེངས་བསྟོད་ཆེན་པོ་བྱས་པ་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོའི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཧ་ཅང་འགན་ཁུར་བའི་རྣམ་འགྱུར་གྱིས་ཆེས་མཐའ་འཁྱོལ་དང་ཆེས་གཟབ་ནན་གྱི་འགོག་བཅོས་ཚོད་འཛིན་བྱེད་ཐབས་སྤྱད་པ་ཡིན། མིག་སྔར་འགོག་བཅོས་ཚོད་འཛིན་བྱ་བར་ཕན་འབྲས་ལེགས་པོ་ཐོབ་བཞིན་ཡོད། ཀྲུང་ཧྭ་མི་རིགས་ནི་དཀའ་ངལ་བརྒྱུད་མྱོང་བ་ཞིག་ཡིན་ལ། ཀྲུང་གོར་རིམས་ནད་འདི་ལ་འགོག་རྒོལ་བྱེད་པའི་འཐབ་འཛིང་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་ནུས་པ། གདེང་ཚོད་བཅས་ཡོད། ང་ཚོས་མུ་མཐུད་དུ་ཡོངས་བསྒྲགས་དང་མངོན་གསལ་གྱི་རྣམ་འགྱུར་བཅངས་ནས་ཁམ་ཕུ་ཀྲེ་དང་བཅས་པའི་རྒྱལ་ཁབ་སོ་སོའི་བར་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ། རིམས་ནད་ལ་མཉམ་དུ་ཕན་ནུས་ལྡན་པའི་ཁ་གཏད་འཇལ་ནས། འཛམ་གླིང་ཡོངས་དང་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། ང་ཚོས་རྒྱལ་ཁབ་རང་གི་སྤྱི་དམངས་ཇི་བཞིན་དུ་ཀྲུང་གོར་ཡོད་པའི་ཁམ་ཕུ་ཀྲེ་ཡི་སྤྱི་དམངས་ལ་ལྟ་སྐྱོང་བྱས་ཏེ། ཁོ་ཚོའི་འཚོ་བ་དང་བདེ་ཐང་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་ལོ་གསར་བའི་ནང་དུ། ཀྲུང་གོས་ཁམ་ཕུ་ཀྲེའི་བར་དུ་མཐོ་རིམ་འགྲོ་འོང་དམ་པོ་སྲུང་འཛིན་བྱེད་པ་དང་། ཀྲུང་གོ་དང་ཁམ་ཕུ་ཀྲེའི་ལས་དབང་གཅིག་མཐུན་ཚོགས་པའི་འགུལ་སྐྱོད་འཆར་གཞི་དོན་འཁྱོལ་བཟང་བོ་བྱས་ཏེ། ཀྲུང་གོ་དང་ཁམ་ཕུ་ཀྲེའི་འབྲེལ་བ་ཡང་བསྐྱར་ཆུ་ཚད་གསར་བ་ཞིག་ཏུ་གོང་འཕེལ་ལ་གཏོང་འདོད་ཡོད་ཅེས་ནན་གྱིས་བསྟན།

ཧུང་སིན་གྱིས་བཤད་རྒྱུར། ངས་གློ་བུར་དུ་དམིགས་བསལ་གྱི་དུས་འདིར་ཀྲུང་གོར་ཡོང་རྒྱུའི་ཐག་བཅད་པ་ནི། ཁམ་ཕུ་ཀྲེའི་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་ཆེན་པོ་བྱེད་པ་མཚོན་པའི་ཆེད་ཡིན། ཀྲུང་གོ་དཀའ་ངལ་ལ་འཕྲད་སྐབས། ཁམ་ཕུ་ཀྲེའི་མི་དམངས་ཀྲུང་གོའི་མི་དམངས་དང་མཉམ་དུ་ལངས་ནས་དཀའ་སྡུག་མཉམ་མྱོང་དང་མཉམ་སེལ་བྱེད་པ་ཡིན། ཁམ་ཕུ་ཀྲེ་ཡིས་མུ་མཐུད་དུ་ཀྲུང་གོའི་བར་རྒྱུན་ལྡན་གྱི་མཉམ་ལས་དང་འགྲོ་འོང་བྱས་ཏེ། ཁམ་ཕུ་ཀྲེ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།