ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུར་འགོ་འཛིན་མཛད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2ཚེས4ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་བྱ་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལིས་ཁི་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།

 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་བྱ་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས

 ཚོགས་འདུའི་ཐོག་ཟླ2པའི་ཚེས3ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་གཙོ་སྐྱོང་གནང་བ་མ་ཟད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཤུགས་སྣོན་རྒྱག་དགོས་པའི་ཐད་གསུང་བཤད་གལ་ཆེན་གནང་། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ཐོག་གཅིག་གྱུར་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དེ་མིག་སྔའི་ལས་དོན་གལ་ཆེ་ཤོས་སུ་བརྩིས་ནས་དམ་འཛིན་དང་། དམ་པ་དོན་གཉེར། དོན་འཁྱོལ་ལས་དོན་ལ་དམ་འཛིན་ཏན་ཏིག རིམས་ནད་མཆེད་ཚུལ་མཐའ་གཅིག་ཏུ་བཀག་འགོག་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་ཞེས་བསྟན།

ཚོགས་འདུ་ལས་བསྟན་དོན། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་ནི་སྔར་བཞིན་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ས་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་པས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོ་བདེ་ཐང་དེ་ཨང་དང་པོར་བཞག་ནས། བསྡུ་ཉར་སྨན་བཅོས་བྱེད་ཚད་དང་དྲག་སྐྱེད་ཐུབ་ཚད་ཇེ་མཐོ་རུ་གཏོང་རྒྱུར་ཧུར་ཐག་འབད་ཐག་བྱས་ནས་འགོ་ནད་ཕོག་ཚད་དང་ཤི་ཚད་ཇེ་དམའ་རུ་གཏོང་དགོས་པ་དང་།  སྨན་བཅོས་སྲོག་སྐྱོབ་དང་འགོག་སྲུང་ཐོན་ཁུངས་དེ་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ཕྱོགས་དང་པོར་གཅིག་སྡུད་བྱས་ཏེ་འཚོ་བའི་མཁོ་ཆས་མཁོ་འདོན་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས།

ཚོགས་འདུའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱིས་སྨན་བཅོས་ཐོན་ཁུངས་ཀྱི་མཁོ་སྤྲོད་གནད་ཁེལ་སྦྲེལ་མཐུད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ས་གནས་ཁག་དང་ལྷག་པར་དུ་ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་གཞིར་བཟུང་ནས་སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དངོས་ཟོག་ཉིན་རེར་བཀོད་གཏོང་ཡག་པོ་བྱས་ཏེ་སྡེ་ཁག་སོ་སོས་རང་འགན་རང་ཁུར་དང་རང་འགུལ་ངང་ལས་དོན་སྒྲུབ་པ་དང་གཞོགས་འདེགས་ཧུར་ཐག་བྱེད་དགོས། འགྲིམ་འགྲུལ་བཀོད་གཏོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་ཆེན་རྗེས་ཀྱི་འགྲུལ་བ་འབོར་ཆེན་གཅིག་སྡུད་སྒོས་འགྲོ་སྐྱོད་བྱེད་པར་སྔོན་འགོག་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་ཁེལ་ཇུས་འདོན་བཅས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་པའི་བླང་བྱ་བཏོན།

 འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཏིང་ཞུའེ་ཞང་དང་། ཧོང་ཁུན་མིང་། ཚའེ་ཆི། ཝང་དབྱི། ཞའོ་ཅེ། ཀྲའོ་ཁེ་ཀྲི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། །  (མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་བསྒྱུར་བྱས།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།