ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་ཚོད་འཛིན་བྱ་བར་ཤུགས་སྣོན་པར་ཞིབ་འཇུག་བྱས་པ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ་གཉིས་པའི་ཚེས་གསུམ་ཉིན་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་དང་འབྲེལ་ཡོད་སྡེ་ཁག་གིས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། དུས་རིམ་རྗེས་མའི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་ཡུལ་དངོས་ན་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་པ། སྨན་བཅོས་འཕྲོད་བསྟེན་ལས་དོན་པ། ཚན་རིག་ཞིབ་འཇུག་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། ཕྱོགས་སོ་སོའི་མི་སྣ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། ནད་པ་དང་ནད་པའི་ཁྱིམ་མི་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་གནང་། ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ཐེངས་འདིར་རིམས་ནད་བྱུང་རྗེས། ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། དུས་ནམ་ཡང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་གོ་གནས་དང་པོར་བརྩིས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་གཉིས་ལ་བསྡུས་ཏེ་ཆེད་དུ་ཞིབ་འཇུག་བྱས་ལ། ཏང་ཀྲུང་དབྱང་གིས《ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་བར་ཆབ་སྲིད་ཀྱི་ཁག་ཐེག་སྟོབས་ཅན་འདོན་སྤྲོད་བྱེད་པའི་སྐོར་གྱི་བརྡ་སྦྱོར》བཏང་། ཀྲུང་དབྱང་རིམས་ནད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་ཐེངས་མང་བསྡུས་ནས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་ཧུར་ཐག་སྒོས་བྱ་བ་བསྒྲུབས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་མཐུན་སྦྱོར་བཀོད་སྒྲིག་ལ་ཤུགས་བསྣན་ནས། འགོག་བཅོས་ཚོད་འཛིན་བྱ་བ་སྒྲུབ་སྐབས་འཕྲད་པའི་གནད་དོན་གལ་ཆེན་དག་གི་ཐད་ནས་དུས་ལྟར་མཐུན་སྦྱོར་ཐག་གཅོད་བྱས། འབྲེལ་ཡོད་སྡེ་ཁག་གིས་རང་འགན་རང་ཁུར་བྱས་པ་དང་། དམག་དཔུང་གིས་ས་གནས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་རོགས་སྐྱོར་ལེགས་པོ་བྱས་ལ། ས་ཁུལ་སོ་སོས་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོས་འགོ་ཁྲིད་པའི་འགོ་ཁྲིད་ཚན་ཆུང་བཙུགས་ཡོད། ཏང་སྲིད་དམག་དམངས་ཀྱི་ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས་ཁག་གིས་མྱུར་དུ་བྱེད་ཐབས་སྤྱད་ཅིང་སྟོབས་ཤུགས་ཡོད་རྒུས་འབད་འཐབ་བྱས་པ་དང་། རྒྱ་ཆེའི་སྨན་བཅོས་མི་སྣས་རང་ལས་གཞན་གཅེས་དང་དཔའ་ངར་ཆེན་པོས་འཐབ་འཛིང་བྱས་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སེམས་ཤུགས་གཅིག་མཐུན་དང་མཐུན་སྒྲིལ་འབད་བརྩོན་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་མི་དམངས་ཀྱི་འཐབ་འཛིང་དང་སྤྱིའི་འཐབ་འཛིང་ཞིག་སྤེལ་ལ། རྒྱལ་ཡོངས་སུ་ཕྱོགས་ཡོངས་ནས་སྐུལ་སློང་དང་ཕྱོགས་ཡོངས་ནས་བཀོད་སྒྲིག ཕྱོགས་ཡོངས་ནས་ཤུགས་སྣོན་བཅས་བྱེད་པའི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་རྣམ་པ་ཆགས་ཡོད། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་འོག་དང་། ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་འོག འགོག་བཅོས་ཚོད་འཛིན་བྱ་བ་ནུས་པ་དང་ལྡན་པར་སྒྲུབ་བཞིན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་པ་ནི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་ཐད་ཀར་དུ་འབྲེལ་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཧྲིལ་བོའི་གཏན་འཇགས་ལ་ཐད་ཀར་དུ་འབྲེལ་ཞིང་། རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་ལ་འབྲེལ་ཡོད། ད་ལྟ་ཆེས་གནད་འགག་གི་གནད་དོན་ནི་བྱ་བ་དེ་དངོས་སུ་ཞིབ་ཏུ་དོན་འཁྱོལ་བྱེད་རྒྱུ་དེ་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འདུ་ཤེས་བཞི་ཇེ་ཆེར་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་དེ་དེང་སྐབས་ཀྱི་ཆེས་གལ་ཆེ་བའི་བྱ་བར་བརྩིས་ནས་འཛིན་དགོས་ལ། ཡིད་ཆེས་འགྱུར་མེད་དང་དཀའ་ངལ་མཉམ་སེལ། ལུགས་མཐུན་འགོག་བཅོས། གནད་ཁེལ་ཇུས་བསྟར་བཅས་ཀྱི་བླང་བྱ་ལྟར། མྱུར་དུ་བར་ཁྱད་བཙལ་བ་དང་ཞན་ཆ་གསབ་སྟེ། འགོག་བཅོས་ཚོད་འཛིན་གྱི་བྱ་བ་སོ་སོ་དངོས་སུ་བཟང་བོར་བསྒྲུབ་པ་དང་། དུས་ཚོད་དམ་འཛིན་གྱིས་ནད་གདོན་དང་འཐབ་ནས། རིམས་ནད་མཆེད་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་བར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རིམས་ནད་འགོག་བཅོས་ཚོད་འཛིན་ལ་རྒྱལ་ཡོངས་བསམ་ཇུས་གཅིག་ཏུ་རྒྱུན་འཁྱོངས་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་དང་གཅིག་གྱུར་མཐུན་སྦྱོར། གཅིག་གྱུར་བཀོད་སྒྲིག་བཅས་ལ་ཉན་ནས་ཅི་གསུང་དེ་སྒྲུབ་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་ཆེ་ཕྱོགས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཀྲུང་དབྱང་རིམས་ནད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བྱེད་ཐབས་སྤྱད་དེ་རང་ས་ཁུལ་དང་རང་ཁྱབ་ཁོངས་ཀྱི་འགོག་བཅོས་ཚོད་འཛིན་དགོས་མཁོར་བསམ་བློ་གཏོང་དགོས་པར་མ་ཟད། ས་ཁུལ་གཙོ་བོ་དང་རྒྱལ་ཡོངས་ཀྱི་འགོག་བཅོས་ཚོད་འཛིན་ཐད་ཐེབས་པའི་ཤུགས་རྐྱེན་ལ་ཡང་བསམ་བློ་གཏོང་དགོས། རིམས་ནད་འགོག་བཅོས་ཚོད་འཛིན་ནི་སྨན་བཅོས་འཕྲོད་བསྟེན་གྱི་གནད་དོན་ཁོ་ན་མིན་པར་ཕྱོགས་ཡོངས་ཀྱི་བྱ་བ་ཡིན་པས། བྱ་བ་སྣ་ཚོགས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་མོ་ལས་རྣམ་པར་རྒྱལ་བར་རྒྱབ་སྐྱོར་བྱེད་དགོས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནས་བབ་ལ་འགྱུར་ལྡོག་རྒྱུན་མ་ཆད་པར་བྱུང་ན། བྱ་བ་སྣ་ཚོགས་ལ་ཡང་གནས་ཚུལ་གསར་བ་དང་གནད་དོན་གསར་བ་རྒྱུན་མ་ཆད་པར་འབྱུང་ངེས་པས། རྗེས་སྙེག་དམ་པོ་དང་དུས་ལྟར་དབྱེ་ཞིབ། མྱུར་དུ་འགུལ་སྐྱོད་བཅས་བྱས་ཏེ། འགྱུར་མེད་ནུས་ལྡན་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་སྒྲུབ་སྐབས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ། གཞི་རིམ་གྱི་ལས་བྱེད་པ་རྣམས་བརྩོན་སེམས་སྔར་ལས་ཆེན་པོས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཡུལ་དངོས་ལ་ཐོན་པར་བྱེད་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པ་མི་འདང་བ་དང་། གཅིག་གྱུར་གྱི་བཀོད་འདོམས་དང་བཀོད་སྒྲིག་ལ་མི་ཉན་ཞིང་རང་གནས་རིང་ལུགས་ཚབས་ཆེ་བ། ཁག་ཁུར་བྱེད་མི་ཕོད་པ་དང་སྤྱོད་ཡང་ཅན། འགན་གཡོལ་རྩོད་ཉོག་ཅན་བཅས་ལ། ཐད་ཀར་གྱི་འགན་ཁུར་བའི་འགན་འཁྲི་རྩད་གཅོད་དགོས་པར་མ་ཟད། གནས་ཚུལ་ཚབས་ཆེ་ཚེ་ད་དུང་སྲིད་ཏང་གི་འགོ་ཁྲིད་གཙོ་བོར་ཡང་འགན་འདྲི་བྱེད་དགོས། འགན་ཤོར་དང་འགན་འཛོལ་བྱུང་མཁན་ལ་སྒྲིག་ལམ་དང་ཁྲིམས་ལྟར་ཆད་པ་གཅོད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ས་ཁུལ་གལ་ཆེན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་ཧུར་ཐག་གིས་བཟང་བོར་བསྒྲུབ་དགོས། སྟོབས་ཤུགས་གཅིག་བསྡུས་ཀྱིས་ས་ཁུལ་གལ་ཆེན་གྱི་རིམས་ནད་ལ་ཚོད་འཛིན་བྱས་ན། ད་གཟོད་རྒྱལ་ཡོངས་སུ་རིམས་ནད་མཆེད་པའི་སྣང་ཚུལ་རྩ་བ་ནས་མྱུར་མོར་བསྒྱུར་ཐུབ། འགོག་བཅོས་སྟོབས་ཤུགས་ཀྱི་ས་ཁོངས་གཅིག་གྱུར་བཀོད་སྒྲིག་གཙོ་བོར་འཛིན་པ་དང་། མྱུར་སྐྱོབ་སྨན་བཅོས་ཀྱི་ཐོན་ཁུངས་དང་འགོག་སྲུང་ཐོན་ཁུངས་མཐའ་གཅིག་ཏུ་རིམས་ནད་འགོག་བཅོས་ཀྱི་ཡུལ་དངོས་སུ་གཅིག་བསྡུས་བྱས་ཏེ། ཡུལ་དངོས་ཀྱི་སྨན་བཅོས་ནད་གཡོག་མི་སྣ་དང་ནད་པར་མྱུར་སྐྱོབ་སྨན་བཅོས་ཀྱི་དགོས་མཁོ་སྔོན་ལ་བསྐོང་དགོས། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་ནི་སྔར་བཞིན་རྒྱལ་ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ས་ཆེས་གལ་འགངས་ཆེན་པོ་ཡིན་པས། འགོག་བཅོས་ཚོད་འཛིན་སྔར་ལས་འཐུས་ཚང་དུ་གཏོང་བ་དང་ཤུགས་བསྣན་ནས། སྔ་མོ་ནས་ཤེས་པར་བྱེད་པ་དང་སྔ་མོ་ནས་ཡར་ཞུ་བྱེད་པ། སྔ་མོ་ནས་ལོགས་སུ་འགར་བ། སྔ་མོ་ནས་སྨན་བཅོས་བྱེད་པ་བཅས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་མོས་རིམས་ནད་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་པ་དང་། ནད་པར་གཅིག་བསྡུས་ཀྱིས་མྱུར་སྐྱོབ་སྨན་བཅོས་བྱེད་པ། ནད་པར་ཐུག་མྱོང་མཁན་ཚང་མར་ཁྱིམ་ནས་སྨན་བཅོས་ལྟ་ཞིབ་བྱས་ཏེ། རིམས་ནད་ཕྱི་ལ་མཆེད་པར་བཀག་འགོག་བྱེད་པའི་ཐབས་ཤེས་འཐུས་ཚང་དང་ཇེ་དྲག་ཏུ་གཏོང་དགོས། ས་ཁུལ་སོ་སོས་ས་གནས་ཏང་ཨུ་དང་སྲིད་གཞུང་གི་ལས་འགན་དོན་འཁྱོལ་རྣལ་མ་བྱས་ཏེ། སྡོད་ཁུལ་གྱི་འགོག་བཅོས་ཚོད་འཛིན་ཐད་དྲ་མིག་ཅན་གྱི་དོ་དམ་ཇེ་དྲག་ཏུ་གཏོང་བ་དང་། སྔར་ལས་ཞིབ་ཚགས་གནད་ཁེལ་དང་སྔར་ལས་གོ་ཆོད་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས། རིམས་ནད་མཆེད་པར་བཀག་འགོག་བྱེད་དགོས། ལོ་སར་གྱི་རྗེས་སུ་མི་སྣ་ཕྱིར་ལོག་སྐབས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་སྟེ། མི་སྣ་འཛུལ་གནས་དང་ཐོན་གནས་ཀྱི་འགོག་བཅོས་ཚོད་འཛིན་འགན་ཁུར་དོན་འཁྱོལ་བྱེད་དགོས་པ་དང་། འགྲུལ་བཞུད་པའི་བདེ་ཐང་ལྟ་ཞིབ་ཚད་ལེན་དང་འགྲིམ་འགྲུལ་ཡོ་ཆས་ས་ཚིགས་ཀྱི་དུག་སེལ་རླུང་རྒྱུ་ལ་ཤུགས་སྣོན་དགོས།

གྲོས་ཚོགས་སྟེང་བསྟན་དོན། སྟོབས་ཤུགས་ཡོད་རྒུས་ནད་པར་མྱུར་སྐྱོབ་སྨན་བཅོས་བྱེད་པ་དང་། སྨན་བཅོས་འགོག་སྲུང་དངོས་རྫས་ཀྱི་མཁོ་འདོན་ལ་འགན་སྲུང་བྱས་ཏེ། ཧུར་ཐག་གིས་ནད་པ་སྨན་བཅོས་ཀྱི་ཚད་དང་དྲག་སྐྱེད་ཀྱི་ཚད་ཇེ་མཐོ་དང་། ནད་འགོ་ཚད་དང་ནད་པ་ཚེ་ལས་འདས་ཚད་ཇེ་དམའ་རུ་གཏོང་དགོས་པ་འདི་ནི་དེང་སྐབས་ཀྱི་འགོག་བཅོས་ཚོད་འཛིན་བྱ་བའི་ལས་འགན་འབུར་དུ་ཐོན་པ་ཡིན་པས། གཅིག་བསྡུས་སྨན་བཅོས་སྨན་ཁང་མྱུར་དུ་བཙུགས་ནས་བཀོལ་སྤྱོད་བྱེད་པ་དང་། མུ་མཐུད་དུ་དགོས་མཁོར་གཞིགས་ཏེ་རྒྱལ་ཡོངས་ནས་སྨན་བཅོས་མི་སྣ་ཝུའུ་ཧན་ལ་རོགས་སྐྱོར་དུ་མངག་དགོས་པ་དང་མཉམ་དུ། སྨན་བཅོས་མི་སྣའི་ལུས་སེམས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས། མི་སྣ་གཅིག་གྱུར་གྱིས་བཀོད་སྒྲིག་བཟང་བོ་བྱས་ཏེ། མི་སྣ་འཇོན་ནུས་ཅན་རྣམས་ཅི་ནུས་ཀྱིས་གཅིག་ཏུ་བསྡུ་བ་དང་། ནད་པ་ལྕི་མོ་རྣམས་གཅིག་ཏུ་བསྡུས་ནས། གཅིག་གྱུར་གྱིས་མྱུར་སྐྱོབ་སྨན་བཅོས་བྱེད་དགོས་པ་དང་། སྨན་ཁང་སོ་སོའི་ནད་པ་ལྕི་མོར་མྱུར་སྐྱོབ་སྨན་བཅོས་བྱས་པའི་ནུས་ལྡན་བྱེད་ཐབས་དུས་ལྟར་ཁྱབ་གདལ་དུ་གཏོང་དགོས། ངོས་བཟུང་སྨན་བཅོས་ལས་ཁུངས་དང་ལོགས་སུ་འགར་ཡུལ་སོགས་གནས་ཡུལ་གལ་ཆེན་གྱི་བདེ་སྲུང་བྱ་བར་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་སྨན་བཅོས་དང་ལོགས་འགར་གྱི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དགོས།

སེམས་ཁམས་གསོ་བཅོས་དང་ཁྲིད་སྟོན་ལ་ཤུགས་བསྣན་ཏེ། དམིགས་ཡུལ་ལྡན་པའི་སྒོ་ནས་བྱམས་སྐྱོང་བཟང་བོ་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཚན་རིག་ཞིབ་འཇུག་གི་འགག་གཏོར་ནུས་ཤུགས་ཇེ་ཆེར་གཏོང་དགོས། རིམས་ནད་ལས་རྒྱལ་བར་ཚན་རྩལ་གྱི་རྒྱབ་རྟེན་དང་འབྲལ་ཐབས་མེད་པས། ནད་དུག་གི་འབྱུང་ཁུངས་ཚན་རིག་གིས་ར་སྤྲོད་པ་དང་། མཆེད་ཁུངས་དང་འགོ་ལམ་མྱུར་དུ་ཤེས་པར་བྱེད་པ། ནད་དུག་གི་རྒྱུད་འགྱུར་གནས་ཚུལ་ལ་རྗེས་སྙེག་དམ་པོ་བྱས་ཏེ། འགོག་བཅོས་ཚོད་འཛིན་གྱི་ཇུས་གཞི་དང་བྱེད་ཐབས་ལ་མྱུར་དུ་ཞིབ་འཇུག་བྱེད་དགོས། གོ་ཆོད་པའི་སྨན་དང་འགོག་ཁབ་ཀྱི་གསར་གཏོད་ལ་ཤུགས་སྣོན་པ་དང་། ཚན་རིག་ཞིབ་འཇུག་གི་འགག་གཏོར་དེ་ནད་ཐོག་སྨན་བཅོས་དང་འགོག་བཅོས་ཚོད་འཛིན་གྱི་ལག་ལེན་ལ་ཟུང་སྦྲེལ་བྱེད་དགོས།

གྲོས་ཚོགས་སྟེང་བསྟན་དོན། རྒྱུན་ལྡན་གྱི་དཔལ་འབྱོར་སྤྱི་ཚོགས་སྒྲིག་ལམ་ལ་དངོས་སུ་སྲུང་སྐྱོབ་བྱེད་དགོས། རིམས་ནད་འགོག་བཅོས་ཚོད་འཛིན་ལ་ཤུགས་སྣོན་པ་དང་མཉམ་དུ། ཐོན་སྐྱེད་འཚོ་བ་ཡང་ཧུར་ཐག་གིས་བརྟན་བརླིང་ཡིན་ལ་གོ་རིམ་ལྡན་པར་བྱེད་དགོས། སྔོ་ཚོད་དང་ཤ སྒོ་ང་། འོ་མ། འབྲུ་རིགས་སོགས་སྡོད་དམངས་ཀྱི་འཚོ་བའི་མཁོ་ཆས་མཁོ་འདོན་ལ་ཁག་ཐེག་བྱེད་དགོས། ས་ཁུལ་སོ་སོས་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་བསྣན་ནས། མི་སྣ་དང་རླངས་འཁོར་རྒྱུན་ལྡན་ལྟར་བགྲོད་པར་ཁག་ཐེག་བྱེད་དགོས་པ་དང་། སོལ་གློག་སྣུམ་རླངས་ཀྱི་མཁོ་འདོན་ལ་འགན་སྲུང་བྱེད་དགོས། རིམས་ནད་ཀྱི་སྐབས་སུ་དངོས་གོང་གཏོད་པ་སོགས་སྤྱི་ཚོགས་སྒྲིག་ལམ་ཟང་ཟིང་བཟོ་བའི་ཁྲིམས་འགལ་ནག་ཉེས་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་བ་དང་། སྨན་རྫས་དང་སྨན་བཅོས་ལག་ཆ། སྨན་བཀོལ་འཕྲོད་བསྟེན་རྒྱུ་ཆ་སོགས་རྫུན་མ་དང་ངན་པ་བཟོ་བ་དང་བཙོང་བའི་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་ནན་མོ་བཏང་ནས། སྤྱི་ཚོགས་ཀྱི་གཏན་འཇགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། དྲིལ་སྒྲོག་སློབ་གསོ་དང་གླེང་ཕྱོགས་ཁྲིད་སྟོན་བྱ་བ་བཟང་བོར་བསྒྲུབ་ནས། དྲ་ཐོག་དྲ་ཕྱི་དང་རྒྱལ་ནང་རྒྱལ་སྤྱི། དོན་ཆེན་དོན་ཆུང་བཅས་ལ་གཅིག་འདོམས་བྱས་ཏེ། ཡིད་ཆེས་སྔར་ལས་ཆེ་བ་དང་མི་སེམས་སྔར་ལས་དྲོ་བ། དམངས་སེམས་སྔར་ལས་མཐུན་པར་བྱེད་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཟབ་མོར་སྒྲོག་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་མཉམ་འགོག་མཉམ་འཛིན་གྱི་བྱེད་ཐབས་དང་ཕན་འབྲས་ལེགས་པར་སྒྲོག་པ། རིམས་ནད་འགོག་རྒོལ་ཡུལ་དངོས་ཀྱི་དང་བ་འདྲེན་པའི་བྱས་རྗེས་གསོན་ཉམས་ལྡན་པར་བཤད་པ། ཀྲུང་གོའི་རིམས་ནད་འགོག་རྒོལ་གྱི་གཏམ་རྒྱུད་བཟང་བོར་བཤད་པ་བཅས་བྱས་ཏེ། ཀྲུང་གོ་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྡུག་མཉམ་མྱོང་བྱེད་པའི་རྣམ་པ་མངོན་མཚོན་བྱས་ནས། སེམས་ཤུགས་གཅིག་མཐུན་གྱིས་རིམས་ནད་འགོག་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྡུད་དགོས།

གྲོས་ཚོགས་སྟེང་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་ཆེད་མུ་མཐུད་དུ་འབད་བརྩོན་བྱེད་དགོས། རིམས་ནད་ཚབས་ཆེ་བའི་ས་ཁུལ་གྱིས་སེམས་ཤུགས་གཅིག་བསྡུས་ཀྱིས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་བཟང་བོར་འཛིན་དགོས་པ་དང་། ས་ཁུལ་གཞན་དག་གིས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་པ་དང་མཉམ་དུ་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་བཅས་ཀྱི་བྱ་བ་སྣ་ཚོགས་གཅིག་གྱུར་གྱིས་བཟང་བོར་འཛིན་དགོས། ལྷག་པར་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པར་འབྲེལ་བའི་ལས་འགན་གལ་ཆེན་དམ་འཛིན་བཟང་བོ་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཐེངས་འདིའི་རིམས་ནད་ནི་རང་རྒྱལ་གྱི་བཅོས་སྐྱོང་མ་ལག་དང་ནུས་པའི་ཚོད་བགམ་ཆེན་པོ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་ཉམས་མྱོང་སྤྱི་སྡོམ་དང་བསླབ་བྱ་བསྡུ་ལེན་བྱེད་དགོས། ཐེངས་འདིའི་རིམས་ནད་ལ་ཁ་གཏད་འཇལ་སྐབས་མངོན་པའི་ཞན་ཆ་དང་མི་འདང་སར་དམིགས་ནས། རྒྱལ་ཁབ་ཀྱི་འཕྲལ་བསྟུན་མ་ལག་འཐུས་ཚང་དང་བྲེལ་དཀའ་ཉེན་ལྕིའི་ལས་འགན་སྒྲུབ་པའི་ནུས་པ་ཇེ་ཆེར་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་ཁོར་ཡུག་ལ་མཐའ་གཅིག་ཏུ་ཞིབ་བཤེར་ལེགས་བཅོས་བྱས་ཏེ། སྤྱི་པའི་འཕྲོད་བསྟེན་གྱི་ཞན་ཆ་གསབ་དགོས། ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྤྱི་པའི་འཕྲོད་བསྟེན་གྱི་ཁྲིམས་སྐྱོང་འགན་སྲུང་ཇེ་དྲག་ཏུ་གཏོང་དགོས།

གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།