ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གིས་ཝུའུ་ཧན་ཧའོ་ཧྲིན་ཧྲན་སྨན་ཁང་གི་བྱ་བར་ལྟ་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བསྟུད་མར་ཉིན་འགའི་རིང་ལ་འབད་འཐབ་བྱས་པ་བརྒྱུད། ཝུའུ་ཧན་ཧའོ་ཧྲིན་ཧྲན་སྨན་ཁང་ཚེས་གཉིས་ཉིན་བཅིངས་འགྲོལ་དམག་སྨན་བཅོས་རུ་ཁག་ལ་སྤྲད་པ་དང་ཚེས་གསུམ་ཉིན་བཟུང་ནས་ནད་པར་སྨན་བཅོས་བྱེད་འགོ་བརྩམས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཁྲིད་དེ་སྨན་ཁང་གི་སྨན་བཅོས་སྒྲིག་ཆས་སོགས་ཀྱི་གནས་ཚུལ་ལྟ་ཞིབ་བྱས།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་བཀོད་པ་བརྒྱུད། དམག་དཔུང་གིས་སྨན་བཅོས་མི་སྣ་སྟོང་གཅིག་དང་བཞི་བརྒྱ་རྩ་འཛུགས་བྱས་ཏེ་ཚེས་གསུམ་ཉིན་ནས་བཟུང་ཧའོ་ཧྲིན་ཧྲན་སྨན་ཁང་གི་སྨན་བཅོས་རྒུད་སྐྱོབ་ལས་འགན་དང་ལེན་བྱས། སུན་ཁྲུན་ལན་གྱིས་སྨན་ཁང་གིCTབརྟག་དཔྱད་ཁང་དང་ནད་ཁང་སོགས་ལ་ལྟ་ཞིབ་བྱས་པ་དང་སྨན་བཅོས་མི་སྣའི་དགོས་མཁོའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། སུན་ཁྲུན་ལན་གྱིས་སྨན་བཅོས་མི་སྣས་ངེས་པར་དུ་རང་ཉིད་སྲུང་སྐྱོབ་བྱེད་  དགོས་པ་དང་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཞབས་ཕྱིའི་འགན་སྲུང་བྱ་བ་སྣ་ཚོགས་ལེགས་སྒྲུབ་བྱེད་དགོས་པའི་རེ་བ་བཏོན།

ཚེས་གཉིས་ཉིན་གྱི་སྔ་དྲོར། སུན་ཁྲུན་ལན་ཧུའུ་པེ་ཞིང་ཆེན་རིམས་ནད་འགོག་བཅོས་བཀོད་འདོམས་པུའུ་ལ་སོང་སྟེ་ཧུའུ་པེ་ཞིང་ཆེན་གྱི་ཏང་སྲིད་འགོ་ཁྲིད་པ་དང་མཉམ་དུ་སྨན་བཅོས་དངོས་རྫས་འགན་སྲུང་དང་ནད་པ་ལྗི་མོ་རྒུད་སྐྱོབ་བྱ་བར་ཆེད་དུ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།