ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གཉིས་པའི་ཚེས་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཁ་ཤས་ཀྱིས་རིམས་ནད་འགོག་བཅོས་ཀྱི་དབང་གིས་བྱ་བར་དེ་བསྟུན་གྱི་བཀོད་སྒྲིག་བྱེད་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་དང་ཁྲོམ་རའི་མཁོ་འདོན་འགན་སྲུང་སྔར་ལས་བཟང་པོར་སྤེལ་བ། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར། དེ་མིན་དེའི་མཐའ་སྐོར་གྱི་ས་ཁུལ་གཙོ་བོ་བཅས་ལ་སྨན་བཅོས་འགོག་བཅོས་ཚོད་འཛིན་དངོས་རྫས་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བར་བཀོད་སྒྲིག་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་བསྟན་དོན། ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་ཁ་གཏད་འཇལ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་ཆེན་ཁག་ཅིག་གིས་རིམས་ནད་འགོག་བཅོས་ཚོད་འཚིན་བྱ་བའི་དགོས་མཁོ་གཞིར་བཟུང་ནས། ལོ་སར་གྱི་རྗེས་སུ་རིམས་ནད་འགོག་བཅོས་ཚོད་འཛིན་དང་། སྤྱི་ཐུན་ལས་དོན་གྱི་འཁོར་སྐྱོད། མང་ཚོགས་ཀྱི་འཚོ་བའི་དགོས་མཁོ། ད་དུང་རྒྱལ་ཇུས་དམངས་ཚིས་ཀྱི་ཁེ་ལས་གལ་ཆེན་དང་བཟོ་སྐྲུན་གལ་ཆེན་གྱི་ལས་མི་དུས་ལྟར་ལས་གནས་སུ་ཐོན་པ་བཅས་ལ་ཁག་ཐེག་བྱེད་པ་དང་མཉམ་དུ། ལས་རིགས་གཞན་པར་གང་ལ་གང་མཐུན་གྱི་བྱེད་ཐབས་སྤྱད་དེ་བྱ་བ་བཀོད་སྒྲིག་བྱེད་རྒྱུར་འཐད་པ་བྱུང་ཡོད། དེ་ལོ་སར་གྱི་རྗེས་སུ་མི་ཚོགས་གཞི་ཁྱོན་ཆེན་པོས་འགྲོ་འོང་བྱེད་པར་བཀག་འགོག་བྱེད་པ་དང་། རིམས་ནད་མཆེད་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་བར་ཕན་པ་ཡོད་པས། ཆ་རྐྱེན་ཚང་བའི་ཁེ་ལས་ལས་དོན་ལས་ཁུངས་ཀྱིས་ལས་ཚོགས་སུ་ཞུགས་པ་དང་ལས་ཚོགས་གྲོལ་བའི་དུས་ཚོད་ལ་སྔ་རྗེས་འབྱེད་པ་དང་ཁྱིམ་ནས་དྲ་བ་བརྒྱུད་དེ་གཞུང་དོན་སྒྲུབ་པ་སོགས་ལ་མཛུབ་སྟོན་བྱེད་དགོས་པ་དང་། ཞིང་པ་ཞོར་ལས་པ་སོགས་མི་ཚོགས་གཙོ་བོ་དག་ཕྱི་ཕྱོགས་སུ་ལས་ཀར་འགྲོ་བའི་དུས་ཚོད་ལ་སྔ་རྗེས་ཀྱི་དབྱེ་བ་བཀར་ཏེ། ལས་ཀ་ལས་འགོ་བརྩམས་རྗེས་སྐོར་བགོས་ཏེ་གོ་རིམ་ལྡན་པར་ལས་གནས་སུ་ཐོན་པར་མཛུབ་སྟོན་བྱེད་དགོས།

གྲོས་ཚོགས་སྟེང་བསྟན་དོན། ས་ཁུལ་ས་སོས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་དངོས་རྫས་དང་འཚོ་བའི་མཁོ་རྫས་སོགས་བརྟན་བརླིང་སྒོས་མཁོ་འདོན་བྱེད་པར་ཁག་ཐེག་བྱེད་དགོས། རང་ས་ཁུལ་གྱི་སྨན་རྫས་དང་འགོག་སྲུང་མཁོ་ཆས། དུག་སེལ་མཁོ་ཆས་སོགས་རིམས་ནད་འགོག་བཅོས་ཚོད་འཛིན་དངོས་རྫས་ཀྱི་མཁོ་འདོན་གནས་ཚུལ་ལ་དུས་ལྟར་རྒྱུས་ལོན་ཡང་དག་བྱས་ཏེ། བྱེད་ཐབས་ནུས་ལྡན་སྤྱད་ནས་ཁེ་ལས་གཙོ་བོས་ཐོན་སྐྱེད་སླར་གསོ་བྱེད་པ་དང་ཐོན་ནུས་ཇེ་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་་དགོས། འཚོ་བའི་མཁོ་རྫས་ཀྱི་མཁོ་འདོན་ལ་ཤུགས་བསྣན་ནས། གློག་རླངས་དང་འབྲུ་རིགས། སྔོ་ཚོད་སོགས་དངོས་རྫས་གཙོ་བོའི་སྐྱེལ་འདྲེན་ལ་ཁག་ཐེག་བྱེད་དགོས།

གྲོས་ཚོགས་སྟེང་བསྟན་དོན། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་དངོས་རྫས་ལ་འགན་སྲུང་བྱེད་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན། རིམས་ནད་བྱུང་རྗེས། རྒྱལ་ཁབ་ཀྱིས་ཕྱོགས་མང་པོ་ནས་མི་ཤུགས་དང་དངོས་ཤུགས་སྐོང་འཐེན་བྱས་ཏེ་རྒྱབ་སྐྱོར་བྱས་ན་ཡང་། ཧུའུ་པེ་ལ་མིག་སྔར་སྨན་བཅོས་ཐོན་ཁུངས་དཀོན་པའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པས། སྨན་ཁང་འཛུགས་སྐྲུན་བྱེད་པ་དང་ནད་ཁྲི་ཁ་སྣོན་བྱེད་པ། སྨན་བཅོས་མི་སྣའི་དཔུང་སྡེའི་འགན་སྲུང་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་ཞིང་ཆེན་གཞན་དག་ནས་དབུགས་ལམ་དང་ནད་རིགས་ལྕི་མོ། ནད་གཡོག་སོགས་ཕྱོགས་ཀྱི་ཆུ་ཚད་མཐོ་བའི་སྨན་བཅོས་མི་སྣ་རྩ་འཛུགས་བྱས་ཏེ་ཧུའུ་པེ་ལ་རོགས་སྐྱོར་བྱེད་དགོས། ཝུའུ་ཧན་དང་ཧུའུ་པེ། ས་ཁུལ་གཙོ་བོ་གཞན་དག་བཅས་ཀྱི་སྨན་བཅོས་འགོག་བཅས་ཚོད་འཛིན་དངོས་རྫས་ཀྱི་དགོས་མཁོར་སྔོན་ལ་འགན་སྲུང་བྱས་ཏེ། ཧུའུ་པེ་ཞིང་ཆེན་ལ་སྨན་བཀོལ་ཁ་ཐུམ་དང་འགོག་སྲུང་ལྭ་བ་སོགས་སྨན་བཅོས་འགོག་བཅོས་ཚོད་འཛིན་དངོས་རྫས་ཁ་སྣོན་བྱེད་དགོས།

གྲོས་ཚོགས་སྟེང་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། མངའ་ཁོངས་དོ་དམ་གྱི་འགན་ཁུར་གསལ་བོར་བགོ་བ་དང་། འགོག་བཅོས་ཚོད་འཛིན་སྟོབས་ཤུགས་ཡུལ་དངོས་སུ་འབྱོར་བར་བྱེད་པ། ཡོངས་བསྒྲགས་མངོན་གསལ་རྒྱུན་འཁྱོངས་བྱེད་པ། སྔ་མོ་ནས་ནད་ཕོག་པ་ཤེས་པར་བྱེད་པ། སྔ་མོ་ནས་ཡར་ཞུ་བྱེད་པ། སྔ་མོ་ནས་ལོགས་སུ་འགར་བ། སྔ་མོ་ནས་སྨན་བཅོས་བྱེད་པ་བཅས་བྱས་ཏེ་རིམས་ནད་འགོག་རྒོལ་གྱི་འཐབ་མོ་ལས་རྣམ་པར་རྒྱལ་བར་བྱེད་དགོས་པའི་རེ་བ་བཏོན།

འགོ་ཁྲིད་ཚུན་ཆུང་གི་ཚན་གཙོ་གཞོན་པ་ཏེན་ཞུའེ་ཞང་དང་། ཧོང་ཁུན་མེན། ཚའེ་ཆི། ཝང་དབྱི། ཞའོ་ཅེ། ཀྲའོ་ཁི་ཀྲི་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།