ལིས་ཁི་ཆང་གིས་རིམས་ནད་འགོག་བཅོས་རྒྱལ་ཁབ་སྨན་བཅོས་དངོས་རྫས་འགན་སྲུང་བཀོད་སྒྲིག་སྟེགས་བུར་རྟོག་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གཉིས་པའི་ཚེས་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་རིམས་ནད་འགོག་བཅོས་རྒྱལ་ཁབ་སྨན་བཅོས་དངོས་རྫས་འགན་སྲུང་བཀོད་སྒྲིག་སྟེགས་བུར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྨན་རྫས་འགོག་བཅོས་དངོས་རྫས་ཐོན་སྐྱེད་འདོན་སྤྲོད་འགན་སྲུང་བྱེད་པ་དང་། བཀོད་སྒྲིག་རྣམ་པ་ལེགས་སྒྱུར་བྱས་ཏེ་ཐོག་མར་ས་ཁུལ་གཙོ་བོའི་དགོས་མཁོ་འགན་སྲུང་བྱེད་དགོས་པར་མ་ཟད། འཚོ་བའི་དགོས་མཁོ་དངོས་རྫས་འདོན་སྤྲོད་བྱེད་པ་འགན་སྲུང་བྱས་ནས། རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པར་དགོས་ངེས་ཀྱི་ཆ་རྐྱེན་འདོན་སྤྲོད་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་དེང་སྐབས་སྨན་བཅོས་འགོག་སྲུང་ལྭ་བ་དང་ཁ་ཐུམ་སོགས་འགོག་བཅོས་དངོས་རྫས་ཐོན་སྐྱེད་དང་བཀོད་སྒྲིག འགན་སྲུང་གནས་ཚུལ་ཡར་ཞུ་བྱས་པར་ཉན། ལིས་ཁི་ཆང་གིས་གསུངས་རྒྱུར། སྨན་བཅོས་འགོག་སྲུང་དངོས་རྫས་མྱུར་དུ་ཐོན་སྐྱེད་བྱེད་པ་དང་འདོན་སྤྲོད་འགན་སྲུང་ནུས་པ་ཇེ་ཆེར་གཏོང་རྒྱུ་ནི་རིམས་ནད་བྱུང་བའི་ནད་པ་ཤི་ཚད་ཇེ་དམའ་རུ་གཏོང་བ་དང་སྨན་བཅོས་བྱས་ནས་ནད་པ་དྲག་ཚད་ཇེ་མཐོར་གཏོང་བ་དང་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན། འདོན་སྤྲོད་ཇེ་མང་དུ་གཏོང་བ་ནི་རིམས་ནད་འགོག་རྒོལ་གྱི་འཐབ་འཛིང་ནུས་པ་ཇེ་ཆེར་འགྲོ་བ་དེ་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་སྨན་རྫས་འགོག་བཅོས་དངོས་རྫས་རྣམས་རྒྱལ་ཡོངས་སུ་གཅིག་གྱུར་སྒོས་བཀོད་སྒྲིག་བྱེད་པ་དང་། འགན་ནུས་ལས་ཁུངས་སོ་སོས་སེམས་ཤུགས་གཅིག་སྒྲིལ་སྒོས་ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་སོགས་འགོག་བཅོས་ས་ཁུལ་གཙོ་བོའི་འགོག་བཅོས་དངོས་རྫས་ཐོག་མར་འགན་སྲུང་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་སོ་སོར་སྨན་བཅོས་འགོག་སྲུང་ལྭ་བ་དང་ཁ་ཐུམ་སོགས་ཐོན་སྐྱེད་བྱེད་པའི་ཧི་ནན་དང་ཧྥུའུ་ཅན་གྱི་ཁེ་ལས་ལ་བརྙན་རིས་བརྒྱུད་དེ་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བར་འཚམས་འདྲི་ཞུས། ལིས་ཁི་ཆང་གིས་ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་སྐབས་ཐུག་པའི་དཀའ་ཁག་དང་རྒྱུ་ཆ་སོགས་ཁག་ཐེག་བྱེད་ཐུབ་མིན་སྐོར་གྱི་གནས་ཚུལ་ཞིབ་འདྲི་བྱས། ཁོང་གིས་བསྟན་དོན། རིམས་ནད་འགོག་བཅོས་ནི་དེང་སྐབས་རྒྱལ་ཡོངས་ཀྱི་ལས་འགན་གཙོ་བོ་ཡིན་པས། སྨན་རྫས་འགོག་བཅོས་དངོས་རྫས་འདོན་སྤྲོད་འགན་སྲུང་བྱེད་རྒྱུ་ནི་བྱ་བ་གཙོ་བོའི་ནང་གི་གཅིག་ཡིན་པ་དང་། ཐོན་སྐྱེད་ཁེ་ལས་ནི་རིམས་ནད་འགོག་རྒོལ་གྱི་གཙོ་ཤུགས་བཟོ་གྲྭ་ཡིན་ལ། འགོག་བཅོས་དངོས་རྫས་ཐོན་སྐྱེད་གང་ལེགས་བྱས་ན་སྨན་བཅོས་མི་སྣ་དང་མི་དམངས་མང་ཚོགས་དེ་བས་ཀྱང་སྲུང་སྐྱོབ་བྱེད་ཐུབ་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།