སུན་ཁྲུན་ལན་གྱིས་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཁྲིད་དེ་འཐབ་ཕྱོགས་དང་པོའི་སྨན་བཅོས་ནད་གཡོག་མི་སྣར་འཚམས་འདྲི་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་བའི་ཉིན་འགའི་རིང་ལ། ཀྲུང་དབྱང་གི་ཧུའུ་པེ་ལ་སོང་བའི་མཛུབ་སྟོན་ཚན་ཁག་གིས་ས་དེའི་སྨན་བཅོས་མྱུར་སྐྱོབ་དང་། རིམས་ནད་འགོག་བཅོས། སྨན་བཀོལ་དངོས་རྫས་འགན་སྲུང་སོགས་ཕྱོགས་མང་པོའི་བྱ་བར་མཐུན་སྦྱོར་མཛུབ་སྟོན་བྱས། ཟླ་དང་པོའི་ཚེས་སུམ་ཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཁྲིད་དེ་ཝུའུ་ཧན་གྲོང་ཁྱེར་དུ་སོང་ནས་འཐབ་ཕྱོགས་དང་པོ་ན་འབད་འཐབ་བྱེད་བཞིན་པའི་སྨན་བཅོས་ནད་གཡོག་མི་སྣར་འཚམས་འདྲི་བྱས།

ཉིན་དེའི་སྔ་དྲོར། མཛུབ་སྟོན་ཚན་ཁག་ཧྭ་ཀྲུང་ཚན་རྩལ་སློབ་ཆེན་གྱི་ཐུང་ཅི་སྨན་ཁང་གི་ཀྲུང་ཧྭ་ཁུལ་གསར་གྱི་སྨན་ཁང་དུ་སོང་ནས། སྨན་ཁང་གི་སྲ་ཆས་སྒྲིག་ཆས་འཛུགས་སྐྲུན་དང་སྨན་བཅོས་བྱ་བ། སྨན་བཅོས་ནད་གཡོག་མི་སྣའི་འགོག་སྲུང་འགན་སྲུང་བྱ་བ་བཅས་ཀྱི་གནས་ཚུལ་ལ་གཟིགས་བཤེར་བྱས།

མཛུབ་སྟོན་ཚན་ཁག་སྨན་བཅོས་ནད་གཡོག་མི་སྣའི་འདུག་སར་སོང་ནས། ཚང་མའི་འགྲོ་འདུག་སྤྱོད་གསུམ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ཡུལ་དངོས་ནས་གྲོས་མོལ་ཚོགས་འདུ་བསྡུས་ཏེ། རྒྱལ་ཁབ་ཀྱིས་ཧུའུ་པེ་རོགས་སྐྱོར་སྨན་བཅོས་རུ་ཁག་གི་ཆེད་མཁས་པ་དང་སྨན་བཅོས་ནད་གཡོག་མི་སྣའི་རིམས་ནད་འགོག་བཅོས་དང་། ནད་པར་སྨན་བཅོས། སྨན་བཅོས་ནད་གཡོག་མི་སྣའི་འགོག་སྲུང་སོགས་ཐད་ལ་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་དང་། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱིས་ནད་པ་ཡང་མོ་དང་ནད་པ་ལྕི་མོའི་རིགས་བགར་བྱེད་ཐབས་མྱུར་དུ་འཐུས་ཚང་དུ་བཏང་ནས། ནད་པ་ལྕི་མོ་གཅིག་བསྡུས་ཀྱིས་ངེས་གཏན་སྨན་ཁང་དུ་སྐྱེལ་བ་དང་། དོགས་ཡོད་ནད་པའི་ངོས་འཛིན་ནས་ནད་གཞི་གཏན་ཁེལ་བར་གྱི་དུས་ཚོད་ཇེ་ཐུང་དུ་གཏོང་བར་ལྟ་སྐུལ་མཛུབ་སྟོན་བྱས།

སུན་ཁྲུན་ལན་གྱིས་ནན་གྱིས་བསྟན་དོན། ཀྲུང་དབྱང་རིམས་ནད་ལ་ཁ་གཏད་འཇལ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། སྨན་བཅོས་མི་སྣའི་འགོག་སྲུང་དང་འགན་སྲུང་བྱ་བར་ཤུགས་སྣོན་དགོས་ལ། སྨན་བཅོས་ནད་གཡོག་མི་སྣ་དེ་མཁྲེགས་གཏོར་འཐབ་འཛིང་འདིའི་གཙོ་ཤུགས་སུ་བརྩི་དགོས་པ་དང་། སྨན་བཅོས་ནད་གཡོག་མི་སྣའི་བདེ་འཇགས་འགན་སྲུང་ནི་རྒྱ་ཆེའི་ནད་པའི་ཚེ་སྲོག་གི་ཁག་ཐེག་ཡིན་པས། འགོག་སྲུང་ལྭ་བ་སོགས་དངོས་རྫས་རྣམས་རིམ་པ་དང་རིགས་བགར་ནས་བཀོལ་སྤྱོད་བྱེད་དགོས་ལ། ལུས་ཕུང་བདེ་ཐང་ཡོང་བར་བྱས་ན་ད་གཟོད་ནད་པ་སྔར་ལས་མང་པོ་སྐྱོབ་ཐུབ། སྨན་བཅོས་ཐོན་ཁུངས་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ཏེ། དཔྱད་འཇོག་དང་སྤོར་སྐྱེལ་སོགས་ཀྱི་བྱ་བ་བཟང་པོར་སྒྲུབ་སྟེ། སྨན་བཅོས་ཀྱི་ཤུགས་ཆེ་བ་དང་ཆ་རྐྱེན་བཟང་བའི་སྨན་ཁང་གིས་ནད་པ་ལྕི་མོ་དུས་ལྟར་བསྡུ་ལེན་བྱས་ཏེ་སྨན་བཅོས་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་། ཚེ་ལས་འདས་ཚད་ཇེ་ཉུང་དུ་བཏང་ནས། རྒྱལ་ཡོངས་མི་དམངས་རིམས་ནད་ལས་རྣམ་པར་རྒྱལ་བར་ཡིད་ཆེས་སྔར་ལས་མང་པོ་སྣོན་དགོས། སྨན་བཅོས་མྱུར་སྐྱོབ་ལ་ཕན་པའི་ཐད་ནས་རིམ་བགར་ནད་བརྟག་སྨན་བཅོས་ཀྱི་རྐྱེན་སྲོལ་གསར་པ་སྔར་ལས་འཚོལ་ཞིབ་བྱེད་དགོས། དཔུང་སྡེའི་རོགས་ལས་ལས་ཤུགས་བསྣན་ཏེ། ཉམས་མྱོང་དང་ལག་རྩལ་ཆེས་བཟང་པོ་ས་གནས་ལ་བརྒྱུད་ཁྲིད་བྱེད་དགོས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།