ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཀྲུང་གོ་རིམས་ནད་ཚོད་འཛིན་ལྟེ་གནས་སུ་ཕེབས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་ཚན་ཞིབ་འགོག་རྒོལ་གནས་ཚུལ་ལ་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དང་པོའི་ཚེས་སུམ་ཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་ཀྲུང་གོ་རིམས་ནད་ཚོད་འཛིན་ལྟེ་གནས་སུ་ཕེབས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་ཚན་ཞིབ་འགོག་རྒོལ་གནས་ཚུལ་ལ་རྟོག་ཞིབ་མཛད་པར་མ་ཟད་འགོ་འཛིན་བྱས་ཏེ་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ལིས་ཁི་ཆང་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱི་ཚོད་ལྟ་ཁང་དུ་ཕེབས་པ་དང་། ཚན་ཞིབ་ཚོགས་པའི་འགན་འཁུར་བས་ཁོ་ཚོས་ཟླ་དང་པོའི་ཚེས་བདུན་ཉིན་ཁ་བགར་ཏེ་ཏོག་དབྱིབས་ནད་དུག་གསར་བར་ཞིབ་བཤེར་ཚད་ལེན་བྱས་པ་དང་དེ་མིན་གཞི་རྒྱུ་ཚང་མའི་གོ་རིམ་བསྒྲིགས་པའི་ཐད་ཀྱི་གནས་ཚུལ་ཡར་ཞུ་བྱས་པར་མ་ཟད་འཛམ་གླིང་ཡོངས་ལ་མངོན་གསལ་སྒོས་ཆ་འཕྲིན་ཁྱབ་སྒྲོག་བྱས། ལིས་ཁི་ཆང་གིས་ཚན་ཞིབ་ཐད་ནས་དཀའ་གནད་གང་དག་ལ་འཕྲད་པ་དང་ད་དུང་ཕྱོགས་གང་དག་ནས་རྒྱབ་སྐྱོར་བྱེད་པའི་ཐད་ནས་ཞིབ་འདྲི་མཛད། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་། ཀྲུང་དབྱང་ནས་ས་གནས་བར་དུ་སྔོན་འགོག་ཚོད་འཛིན་རྐྱེན་སྲོལ་བཙུགས་ཏེ་མཉམ་འགོག་མཉམ་འཛིན་བྱེད་ཀྱིན་ཡོད། ང་ཚོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་སྲུང་སྐྱོབ་བྱེད་རྒྱུ་དེ་གོ་གནས་གལ་ཆེན་དུ་འཇོག་དགོས་པ་དང་། རིམས་ནད་ཚོད་འཛིན་ཁོངས་གཏོགས་ཀྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ནད་དུག་གི་འགོ་ཁོངས་རྩད་གཅོད་པ་དང་འགོས་ནད་ཀྱི་རྩ་རྒྱུ་བརྒྱུད་གཏོང་བྱས་ནས། རིམས་འགོག་ཞིབ་བཟོ་དང་སྨན་བཅོས་ཇུས་གཞི་འཐུས་ཚང་དུ་འགྲོ་བར་འདེགས་ཤུགས་འདོན་སྤྲོད་བྱེད་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་ནན་ཧྲན་དང་ཝང་ཀྲིན། ཧྥིན་ཙིས་ཅན། ལིས་ཐེ་ཧྲན། ལིས་ཞིན་བང་སོགས་ཆེད་མཁས་པས་རིམས་ནད་ཀྱི་གནས་བབ་དང་རྗེས་མཐུད་འཕེལ་ཕྱོགས། ནད་པ་རྒུད་སྐྱོབ་དང་ཚན་རིག་དང་མཐུན་པར་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་པའི་ཐད་ནས་ལྟ་ཚུལ་དང་གྲོས་གཞི་བཏོན། ལིས་ཁི་ཆང་གིས་ཚང་མ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་པར་མ་ཟད་ཆེད་མཁས་པའི་བསམ་འཆར་ལ་མྱུར་དུ་ཞིབ་འཇུག་བྱེད་དགོས་པར་མ་ཟད་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྔར་ལས་འཐུས་ཚང་དུ་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག འགོ་ཁྲིད་ཚན་ཁག་གི་བཀོད་སྒྲིག་ལྟར། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་ཚན་ཞིབ་འགོག་རྒོལ་གྱི་རྩ་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་དགོས་ལ། རྒྱལ་ཡོངས་ཀྱི་ཁྱད་སྟོབས་ཚན་ཞིབ་སྟོབས་ཤུགས་དང་ཡོ་ཆས་སོགས་བཀོད་སྤྱོད་བྱེད་པར་གཅིག་གྱུར་བཀོད་སྒྲིག་དང་ལེགས་སྒྲིག་བྱེད་པ་དང་། མ་དངུལ་ཐད་ཀྱི་རྒྱབ་སྐྱོར་ལ་ཤུགས་བསྣན་ནས་ཚན་ཞིབ་འགོག་རྒོལ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།